ཟླ་བཞི་པའི་ཚེས་བཅུ་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་དཔྱིད་ཀའི་སློབ་མགོ་ཚུགས་པའི་ཚུན་ལ། ཞིང་ཆེན་སློབ་གསོ་ཐིན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཞུགས་བརྟན་འཇགས་དང་ལས་ཞུགས་འགན་སྲུང་བྱེད་པའི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་དཔྱིད་ཀའི་ལས་ཞུགས་མཁྲེགས་གཏོར་འགུལ་སྐྱོད་སྤེལ་ཞིང་། དཔྱིད་ཀའི་སློབ་མགོ་ཚུགས་རྗེས་ལས་ཞུགས་བྱ་བར་སྐུལ་འདེད་གཏོང་བའི་གནད་འགག་དུས་སྐབས་དམ་འཛིན་བྱས་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བདེ་བླག་ངང་ལས་ཞུགས་བྱེད་པ་དང་སྔ་མོ་ནས་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་དུ་ཉིས་སྟོང་ཉེར་གསུམ་ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཁྲི་གཉིས་དང་སྟོང་ལྔ་བདུན་བརྒྱ་ཡོད་པ་དང་། དེ་ན་ནིང་གི་དུས་མཉམ་དང་བསྡུར་ན་མཐར་ཕྱིན་སློབ་མ་སྟོང་གཉིས་དང་སུམ་བརྒྱ་ཡིས་མང་། ཐེངས་འདིའི་བྱ་འགུལ་གྱིས་དཔྱིད་ཀའི་བསྡུ་ལེན་གནད་འགག་དུས་སྐབས་དམ་འཛིན་བྱེད་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་བརྗོད་དོན་གཙོ་བོ་བྱས་ཏེ། ལས་གནས་རྒྱ་བསྐྱེད་པ་དང་སློབ་གྲྭའི་གདན་ཞུ། ལས་ཞུགས་མི་སྐྱོང་། དཀའ་ཁག་མང་ཚོགས་ལ་རོགས་སྐྱོར་བྱེད་པ་སོགས་གཅིག་སྡུད་བྱས་ཤིང་། སྦས་ཤུགས་སྔོག་འདོན་དང་གསར་སྐྲུན་བྱེད་པ་དང་། སྔར་ལས་མང་པོའི་ཚོང་ར་ཅན་གྱི་ལས་གནས་རྒྱ་བསྐྱེད་པ། གནད་ལ་འཁེལ་ཞིང་ཞིབ་ཕྲ་སྒོས་ལས་ཞུགས་མཛུབ་སྟོན་རོགས་སྐྱོར་བྱེད་པ་འབུར་དུ་ཐོན་པར་བྱས་པ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་རང་འགུལ་སྒོས་ལས་གནས་བཙལ་བར་ཁྲིད་སྟོན་བྱས་ནས། ལས་ཞུགས་བྱ་བའི་འཕེལ་རིམ་ལ་མྱུར་དུ་སྐུལ་འདེད་བཏང་།
བྱ་འགུལ་སྤེལ་བའི་ཚུན་ལ། ཞིང་ཆེན་སློབ་གསོ་ཐིན་གྱིས་སྣེ་ཁྲིད་དེ་སློབ་གྲྭ་དང་ཁེ་ལས་ཀྱིས་འབྲེལ་མཐུད་མཉམ་ལས་བྱེད་པའི་སྟེགས་བུ་བཙུགས་ནས། ཤུགས་ཆེན་པོས་ཞིང་ཆེན་ཕྱི་ནང་དུ་ལས་ཞུགས་བྱེད་པའི་ལས་གནས་རྒྱ་བསྐྱེད། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཀྱིས་ལས་བཟོ་བ་བཀོལ་བའི་དགོས་མཁོ་སྔོག་འདོན་བྱས་ཏེ། ཧུར་ཐག་སྒོས་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ལ་མཐར་ཕྱིན་སློབ་མ་མཚམས་སྦྱོར་བྱས། མིག་སྔར། ཞིང་ཆེན་སློབ་གསོ་ཐིན་དང་མཐོ་རིམ་སློབ་གྲྭ་སོ་སོས་མི་བཀོལ་ལས་ཁུངས་བཞི་བརྒྱ་དང་ང་བརྒྱད་ལ་འབྲེལ་མཐུད་བྱས་ཏེ་ལས་གནས་སྟོང་དྲུག་ལྷག་ཇེ་མང་དུ་བཏང་།
བཀྲ་ཤིས་འབུམ་གྱིས་བསྒྱུར།