ཟླ་བཞི་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་དང་རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་ཞིབ་བཤེར་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་འབྲེལ་སྒོས་དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ད་ལོར། ཞིང་ཆེན་ཡོངས་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། ཏན་ཏན་ཏིག་ཏིག་སྒོས་གོ་སྐབས་དམ་འཛིན་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་ཞིང་། རྩ་འཛུགས་ཞིབ་མོ་བྱས་ཏེ་ཆེད་དོན་འགུལ་སྐྱོད་ཆེན་པོ་དགུ་ལག་བསྟར་བྱས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་པ། འཕར་སྣོན་བརྟན་འཇགས་དང་ལས་ཞུགས་བརྟན་འཇགས། དངོས་གོང་བརྟན་འཇགས་བྱ་བ་བཟང་བོར་སྒྲུབ་པ་འབུར་དུ་ཐོན་པར་བྱས་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དཔལ་འབྱོར་གྱི་སྤྱི་ཡོངས་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་། ས་ཁུལ་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་ལ་གཅིག་གྱུར་ཞིབ་བཤེར་སྡོམ་རྩིས་བྱས་པའི་མཇུག་འབྲས་ལྟར་ན། དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་ཐེར་ཆེན་བརྒྱད་དང་ཐེར་འབུམ་བརྒྱད་དུང་ཕྱུར་བརྒྱད་བྱེ་བ་དགུ་ས་ཡ་གསུམ་ལ་སླེབས་པ་དང་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཅིག་འཕར་སྣོན་བྱུང་། དེའི་ནང་དུ་ཐོན་ལས་དང་པོའི་འཕར་རིན་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་བྱེ་བ་གཅིག་ས་ཡ་གཉིས་ལ་སླེབས་པ་དང་། དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཐིག་དང་གྲངས་ཆུང་གཉིས་འཕར་སྣོན་བྱུང་། ཐོན་ལས་གཉིས་པའི་འཕར་རིན་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་དགུ་དུང་ཕྱུར་དྲུག་དང་བྱེ་བ་བཞི་ས་ཡ་གསུམ་ལ་སླེབས་པ་དང་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དགུ་དང་གྲངས་ཆུང་གཅིག་འཕར་སྣོན་བྱུང་། ཐོན་ལས་གསུམ་པའི་འཕར་རིན་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་དྲུག་དུང་ཕྱུར་བཞི་དང་བྱེ་བ་གསུམ་ས་ཡ་བརྒྱད་ལ་སླེབས་པ་དང་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔ་འཕར་སྣོན་བྱུང་།
བཀྲ་ཤིས་འབུམ་གྱིས་བསྒྱུར།