ཟླ་བཞི་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། ཤེས་བྱར་བརྩི་བཀུར་བྱེད་པ་དང་དཔལ་ཡོན་ཡར་གཏོད་བྱེད་པ། ནུས་པ་མཐོར་འདེགས་གཏོང་བའི་དཔེ་ཀློག་འདུ་ཤེས་སྔར་ལས་དར་སྤེལ་གཏོང་བ་དང་། དཔེ་ཀློག་གི་སྣང་ཚུལ་སྟུག་པོ་བསྐྲུན་པ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་ལས་ཁུངས་ཀྱི་རིག་གནས་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་ཕུན་སུམ་ཚོགས་པའི་དཔེ་ཀློག་ཁྱབ་གདལ་བྱ་འགུལ་སྤེལ།
ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ཐིན་གཏོགས་ཏང་གི་སྤྱི་ཁྱབ་ཀྲི་པུའུ་དང་ཏང་ཀྲི་པུའུ་སོ་སོས་དཔེ་ཀློག་ལ་དགའ་བའི་ལས་ཁུངས་དང་དཔེ་ཀློག་ལ་དགའ་བའི་ཀྲི་པུའུ་ལ་དམིགས་ནས་ལས་བྱེད་པ་དང་ལས་བཟོ་བའི་དཔེ་ཀློག་ཟླའི་བྱ་འགུལ་སྤེལ་བར་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་དཔེ་ཀློག་ལ་དགའ་བའི་ཀྲི་པུའུ་འཛུགས་སྐྲུན་བྱ་བ་སྤེལ་བ་དང་། ཟླ་བཞི་པའི་ཚེས་ཉེར་གསུམ་ཉིན་གྱི་འཛམ་གླིང་དཔེ་ཀློག་ཉིན་མོར་ཟུང་འབྲེལ་བྱས་ནས་དཔེ་ཆ་བཟང་བོ་ཕན་ཚུན་ལ་ངོ་སྤྲོད་བྱེད་པའི་དཔེ་ཀློག་ཚོགས་འདུ་བསྡུས། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ལས་བྱེད་པ་དང་ལས་བཟོ་བ་རྩ་འཛུགས་བྱས་ནས་ཞིན་ཧྭ་དཔེ་ཁང་དུ་སོང་སྟེ། ཞིན་ཧྭ་དཔེ་ཁང་གི་དམར་པོའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་། རང་ཉིད་ཀྱི་དཔེ་ཀློག་གཏམ་རྒྱུད་མཉམ་སྤྱོད་བྱས། ཞིང་ཆེན་སློབ་གསོ་ཐིན་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་དུ་སོང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་ཡོང་བའི་གྲངས་ཉུང་མི་རིགས་ཀྱི་སློབ་མ་དང་མཉམ་དུ་དཔེ་ཀློག་བྱ་འགུལ་སྤེལ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་མཚོ་སྔོན་པར་གཞིའི་དཔེ་དེབ་ཁྱབ་གདལ་དུ་གཏོང་བའི་དཔེ་ཀློག་བྱ་འགུལ་སྤེལ་བ་དང་། མཚོ་སྔོན་གྱི་ལོ་རྒྱུས་སོགས་མཚོ་སྔོན་ངོ་སྤྲོད་དང་དྲིལ་སྒྲོག་བྱེད་པའི་ཕུལ་བྱུང་དཔེ་དེབ་སྐོར་ཞིག་ལས་བྱེད་པ་དང་ལས་བཟོ་བའི་ལག་ཏུ་བཀྲམས། ཞིང་ཆེན་ཚན་རྩལ་ཐིན་གྱིས་མཉམ་དུ་དཔེ་ཀློག་བྱེད་པ་བརྗོད་དོན་དུ་བྱས་ནས་དཔེ་ཀློག་མཉམ་སྤྱོད་ཚོགས་འདུ་བསྡུས་ཏེ། དཔེ་དེབ་ངོ་སྤྲོད་དང་དཔེ་ཆ་ཀློག་པ། དཔེ་ཀློག་མྱོང་ཚོར་མཉམ་སྤྱོད་བཅས་བྱས། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་ཀྱང་ཕུན་སུམ་ཚོགས་པའི་བརྗོད་དོན་བྱ་འགུལ་སྤེལ།
ད་ལོར། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དམངས་ཡོངས་དཔེ་ཀློག་ལས་ཁུངས་སུ་བསྐྱོད་པའི་བྱ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་བ་དང་། ལས་ཁུངས་སོ་སོས་མུ་འབྲེལ་དཔེ་ཀློག་བྱ་འགུལ་སྤེལ་བར་བཀོད་སྒྲིག་བྱས་པ་དང་ལས་བཟོ་བའི་དཔེ་ཁང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས། ཞིང་ཆེན་ཐད་གཏོགས་ལས་ཁུངས་སུ་དཔེ་ཀློག་ལ་དགའ་བ་དང་དཔེ་ཆ་བཟང་བོ་ཀློག་པ། དཔེ་ཆ་ཀློག་ཤེས་པའི་དཔེ་ཀློག་གི་སྣང་ཚུལ་བཟང་བོ་བསྐྲུན་པ་དང་། སློབ་སྦྱོང་རང་བཞིན་གྱི་ཏང་རྩ་འཛུགས་དང་སློབ་སྦྱོང་རང་བཞིན་གྱི་ལས་ཁུངས་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བར་སྣེ་ཁྲིད་བྱས།
རིན་ཆེན་མཚོས་བསྒྱུར།