རང་ཞིང་གིས་སྤུས་ཚད་མཐོ་བའི་སྒོ་ནས་སྐབས་ཉེར་གཉིས་པའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་ཕྱོགས་སོ་སོའི་བྱ་བར་གྲ་སྒྲིག་བཟང་བོ་བྱས།
2023.04.23 ཁུངས། ཀློག་གྲངས། 25

ཟླ་བཞི་པའི་ཚེས་ཉེར་གཅིག་ཉིན། གསར་འགོད་པས་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྐབས་ཉེར་གཉིས་པའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

གྲོས་ཚོགས་ལས་བསྟན་དོན། རྩ་འཛུགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་གྲོས་ཚོགས་ཐེངས་དང་པོ་བསྡུས་རྗེས། བྱ་བའི་རུ་ཁག་སོ་སོས་ལས་འགན་ནན་ཏན་གྱིས་ལག་བསྟར་བྱས་པ་དང་། ལས་ཀའི་སྙོམས་ཚད་ལ་ཤུགས་བསྣན་ནས། གྲ་སྒྲིག་བྱ་བ་སྣ་ཚོགས་བརྟན་འཇགས་ཀྱིས་སྤེལ་ནས། དུས་རིམ་རྗེས་མའི་བྱ་བར་རྨང་གཞི་ལེགས་པོ་བཏིངས་ཡོད། མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་གྲ་སྒྲིག་བྱ་བའི་དུས་ཚོད་ཐུང་བ་དང་། རེ་བ་མཐོ་བ། ལས་འགན་ལྗིད་པ། བྱ་བ་སྣ་ཚོགས་རྙོག་འཛིང་ཆེ་བས། རྩ་འཛུགས་དང་བྱེད་ཐབས། འགན་ནུས་བཅས་འཐུས་ཚང་ཡོང་བར་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་མགོ་བརྩམས་པའི་ལོ་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་གནད་འགག་གི་དུས་མཚམས་ཡིན་པས། མཚོ་སྐོར་ལྕགས་རྟ་འགྲན་སྡུར་བཟང་བོར་སྒྲུབ་པ་ནི། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱེད་པ་དང་། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ། ཐོན་ལས་ཀྱི་གནས་གཞི་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། བྱ་བ་སོ་སོའི་གཙོ་གནད་འབུར་དུ་ཐོན་པར་བྱས་ནས། གྲ་སྒྲིག་བྱ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་སྐུལ་འདེད་གཏོང་དགོས། གཅིག་ནས་ཆབ་སྲིད་གཙིགས་སུ་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། བསམ་བློའི་ངོས་འཛིན་ཇེ་མཐོར་གཏོང་བ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ། འབྲེལ་འདྲིས་བྱེད་ཚད་ཇེ་དྲག་ཏུ་གཏོང་བ། ལས་འགན་ཚད་བསྡུར་བྱེད་པ། ལས་དུས་ལྡོག་སྒྲིག་བྱེད་པ། འབྲེལ་མཐུད་ཇེ་དམ་དུ་གཏོང་བ། འགུལ་སྐྱོད་གཅིག་གྱུར་བྱེད་པ་བཅས་བྱེད་དགོས། གཉིས་ནས་འགྲན་སྡུར་གྱི་བྱ་བས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། བྱ་བའི་ལས་འགན་དོན་འཁྱོལ་ལ་དངོས་སུ་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་དྲིལ་སྒྲོག་ལ་ཤུགས་སྣོན་པ། གཙོ་གནད་ལ་དམ་དུ་དམིགས་པ། ལས་འགན་གཏན་ཁེལ་གསལ་བོ་བཅས་བྱེད་དགོས། གསུམ་ནས་ཀུན་སྤྱོད་བསྒྱུར་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། བྱ་བའི་སྒྲིག་སྲོལ་དང་འགྲན་སྡུར་བྱ་བའི་བདེ་འཇགས་སྔར་ལས་གཟབ་ནན་དུ་གཏོང་བ་དང་།  བྱ་བའི་རུ་ཁག་སོ་སོའི་འགྲོ་གྲོན་སྔོན་རྩིས་བཟང་བོ་བྱེད་པ། མི་སྣ་སྐོང་འཐེན་གྱི་བྱ་བ་གཟབ་ནན་གྱིས་སྒྲུབ་ནས། གཟབ་ནན་དམ་གཉེར་བྱེད་པ་དང་ཚན་རིག་ལུགས་མཐུན་ཡོང་བར་བྱ་དགོས།

གྲོས་ཚོགས་ལས་བྱ་བའི་ཚན་ཁག་སོ་སོས་ཚོགས་འདུའི་དགོངས་དོན་གཞིར་བཟུང་ནས། སྔོན་ཆད་ཀྱི་ཉམས་མྱོང་སྤྱི་བསྡོམས་དང་། སེམས་ཤུགས་གཅིག་སྒྲིལ། ཚད་གཞི་མཐོར་འདེགས། འགན་ནུས་ལག་བསྟར་བཅས་བྱས་ནས། ཚན་ཁག་སོ་སོའི་བྱ་བའི་ཇུས་གཞི་གཏན་འབེབ་བྱས་ནས། དུས་ལྟར་སྤུས་ཚད་མཐོ་བའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་བྱ་བར་གྲ་སྒྲིག་བཟང་བོ་བྱེད་དགོས་པའི་བླང་བྱ་བཏོན། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།