ཟླ་བཞི་པའི་ཚེས་ཉི་ཤུ་ཉིན། གསར་འགོད་པས་ཞིང་ཆེན་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱས་པ་ལྟར་ན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མཉམ་དུ་བཀོད་སྒྲིག་བྱས་ཏེ་དཀའ་ཁག་ཆེ་བའི་བྱིས་པ་དང་བུད་མེད་ལ་ཡིད་འཇོག་བྱས་ནས་ཆེད་དོན་ཁྲིམས་འཛིན་རྒུད་སྐྱོབ་ལ་ཤུགས་སྣོན་པའི་ཆེད་དོན་འགུལ་སྐྱོད་སྤེལ་ནས་བརྗེ་རེས་དང་གྲོས་མོལ་བྱས་པ་དང་། ཁྲིམས་འཛིན་གོ་རིམ་ཁྲོད་དུ་དཀའ་ཁག་ཆེ་བའི་བྱིས་པ་དང་ལྷག་པར་དུ་དཀའ་ཁག་ཆེ་བའི་བུ་མོ་ཆུང་ཆུང་དང་དེ་མིན་དེ་དང་འབྲེལ་བའི་གྱོད་གཞིའི་ཁྲོད་ཀྱི་དཀའ་ཁག་ཆེ་བའི་བུད་མེད་ལ་རྒུད་སྐྱོབ་རོགས་རམ་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས། རང་ཞིང་གི་བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བཟང་བོ་བྱས།
ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕྱོགས་བཞི་ནས་ཆེད་དོན་བྱ་འགུལ་སྤེལ་ནས་ཕན་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་བའི་དམིགས་འབེན་དང་ལས་འགན་དང་སྒྲུབ་སྟངས་དང་བྱེད་ཐབས་གཏན་འཁེལ་གསལ་བོ་བྱས། དམིགས་འབེན་དང་ལས་འགན་གཏན་འཁེལ་བྱེད་སྐབས། རྒུད་སྐྱོབ་ཆ་རྐྱེན་དང་མཐུན་པའི་དཀའ་ཁག་ཆེ་བའི་ནར་མ་སོན་པའི་མི་དང་དཀའ་ཁག་ཆེ་བའི་བུད་མེད་རྣམས་ལ་དུས་ཐོག་ཏུ་རྒུད་སྐྱོབ་དང་རོགས་རམ་བྱེད་པའི་དམིགས་འབེན་དང་དམ་པོར་སྦྲེལ་ནས། ཉིས་སྟོང་ཉེར་གསུམ་ལོར་ཞིང་ཆེན་ཡོངས་སུ་གཅིག་བསྡུས་སྒོས་དུས་ཡུན་ལོ་གཅིག་ལ་དཀའ་ཁག་ཅན་ཆེ་བའི་བྱིས་པ་དང་བུད་མེད་ལ་ཡིད་འཇོག་བྱས་ཏེ་ཆེད་དོན་ཁྲིམས་འཛིན་རྒུད་སྐྱོབ་ཆེད་དོན་བྱ་འགུལ་སྤེལ་དགོས། སྣ་མང་རྒུད་སྐྱོབ་རྣམ་པ་གཏན་འཁེལ་བྱེད་སྐབས། གྱོད་གཞིའི་དབང་གིས་དཀའ་ཁག་ལ་ཐུག་པའི་ནར་མ་སོན་པའི་མི་དང་རྒུད་སྐྱོབ་ཆ་རྐྱེན་དང་མཐུན་པའི་བུད་མེད་ལ། ཞིབ་དཔྱོད་ལས་ཁུངས་ཀྱིས་ས་གནས་བུད་མེད་མཉམ་འབྲེལ་རྩ་འཛུགས་དང་མཉམ་འབྲེལ་བྱས་ཏེ་གྱོད་གཞིའི་བྱེ་བྲག་གནས་ཚུལ་དང་ཟུང་འབྲེལ་བྱེད་དགོས་པ་དང་། ཆེད་ལས་སྟོབས་ཤུགས་བརྟེན་ཞིང་བབ་བསྟུན་ཇུས་བསྟར་བྱེད་པ་དང་གནད་འཁེལ་རོགས་སྐྱོར་བྱེད་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།