ཁེ་ལས་འཇོན་མིས་ས་གནས་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན།
2023.05.04 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 55

དཔའ་ལུང་རྫོང་གི་དམངས་གཉེར་ཁེ་ལས་པས་ཁེ་ལས་དང་ཞིང་སྡེ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་དང་ཁེ་ཕན་མཉམ་རག་བྱེད་པར་ནུས་པ་བླ་ལྷག་བཏོན།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལས་དུས་རབས་གསར་བའི་དམངས་གཉེར་དཔལ་འབྱོར་བྱ་བར་ཁ་ཕྱོགས་གསལ་བོ་བསྟན་ཡོད་པར་མ་ཟད།རྒྱལ་ཡོངས་ཚོགས་ཆེན་གཉིས་ལས་དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་སུ་འགྲོ་བ་དང་རྒྱ་བསྐྱེད་པར་སྐུལ་སློང་དང་རྒྱབ་སྐྱོར་བྱེད་པའི་བླང་བྱ་བཏོན་ཡོད། དུས་རབས་ཀྱི་འཕེལ་བགྲོས་དང་བསྟུན་ནས་དམངས་གཉེར་ཁེ་ལས་པ་མང་པོ་ཞིག་གིས་ཀྱང་རང་གི་འཇོན་ནུས་ཕྱི་རུ་མངོན་ནས་རང་སྟོབས་རང་སྤེལ་གྱི་འཕེལ་རྒྱས་ལམ་དུ་གྲོང་གསེབ་དར་སྤེལ་གྱི་ཐབས་ལམ་དང་འཚམ་ཞིང་། ཁེ་ལས་དང་གྲོང་གསེབ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་དང་། མཉམ་དུ་ཕྱུག་པོར་འགྱུར་བར་རང་ནུས་ཅི་ལྕོགས་འདོན་བཞིན་འདུག

ཁེ་ལས་པ་དོན་གྲུབ་ཀྱིས་ཐོན་ལས་སྣ་མང་གཉེར་ནས།རང་གི་ཁེ་ལས་ཀྱི་ནུས་པར་བརྟེན་ནས་དཀའ་ཁག་ཅན་གྱི་ས་གནས་མང་ཚོགས་དང་དབང་བོ་སྐྱོན་ཅན་གྱི་མི་སྣར་ལས་ཞུགས་གོ་སྐབས་འདོན་སྤྲོད་བྱས་པར་མ་ཟད། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས། ལོ་རེར་སྒོར་མོ་འབུམ་དྲུག་གི་ཁེ་སྤོགས་དབུལ་ཐར་ཁྱིམ་ཚང་དང་ཕྱིར་དབུལ་པོར་འགྱུར་ཉེན་ཆེ་བའི་ཁྱིམ་ཚང་ལ་བགོས་ནས་གཞི་རྩའི་འཚོ་བར་འགན་སྲུང་བྱས། ད་ལྟའི་བར། ཞིང་པའི་འབྲུ་རིགས་ཉོ་བསྡུའི་ཐད་ཁོས་ཚོང་ར་ལས་མཐོ་བའི་རིན་གོང་བྱིན་པ་སྒོར་ས་ཡ་གསུམ་ལ་སླེབས་པ་དང་། སྒོར་འབུམ་གཅིག་ལྷག་གི་སྦང་མ་ཞིང་པའི་གསོ་སྤེལ་ར་བར་མཁོ་འདོན་བྱས།  སྲིད་གཞུང་དང་ཁེ་ལས་མཉམ་ལས་ཀྱི་རྣམ་པ་གསར་བར་བརྟེན་ནས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་སྔོག་འདོན་དང་ཐོན་ལས་སྣ་ཚོགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་སློང་བྱས་ལ། ཞིང་བའི་འདེབས་འཛུགས་ཡོང་སྒོ་འཕར་བར་གོ་སྐབས་འདོན་སྤྲོད་བྱས་ཏེ།  དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

དམངས་གཉེར་ཁེ་ལས་པ། དོན་གྲུབ།

ཁེ་ལས་པ་དོན་གྲུབ་ཀྱིས་དུས་ཡུན་རིང་བོར་ཁེ་ལས་བྱ་བར་འབད་འབུངས་ཡར་བརྩོན་གྱི་བགྱི་བ་དང་དུ་བླངས་པས་ད་ལྟ་བདེ་སྐྱིད་འཚོ་བའི་སྒོ་མོ་ཡངས་པོར་ཕྱེས་ཡོད། ཡིན་ཡང་ཁོས་རང་གི་བདེ་སྐྱིད་ཙམ་ལ་བློ་ཡིད་ཚིམ་ནས་མི་སྡོད་པར་དམིགས་རྒྱང་རིང་བོར་བརྟེན་ནས། རང་གི་ཀུང་ཟི་དང་བཟོ་གྲྭ་སོགས་སུ་ཉེ་འགྲམ་གྱི་མི་མང་པོ་ཞིག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཏེ་ཁོ་ཚོའི་འཚོ་བའི་དཀའ་ཁག་སེལ་རོགས་བྱས། ལས་བཟོ་བ་དཔའ་བོ་སྲི་ཐར་ནི་ཁེ་ལས་པ་དོན་གྲུབ་ཀྱིས་བཙུགས་པའི་མཚོ་སྔོན་ཧྭ་ཆོན་ཁྲོན་ནས་ཆང་ལས་རིགས་ཚད་ཡོད་ཀུང་ཟིའི་ནང་གི་ལས་བཟོ་བ་ཞིག་རེད།

ལས་བཟོ་བ།  དཔའ་བོ་སྲི་ཐར།

ལས་བཟོ་བ་དོན་གྲུབ་རྒྱལ་ལ་མཚོན་ན་རྒྱུ་རྐྱེན་དུ་མའི་དབང་གིས་ས་ཐག་རིང་བོར་ཞོར་ལས་སུ་འགྲོ་ཐུབ་ཀྱི་མེད།ཁོ་ལ་མཚོན་ན་རང་ས་རང་ཡུལ་དུ་ལས་ཞུགས་བྱས་ནས་ཡོང་སྒོ་འདི་འདྲ་ལེགས་པོ་ཞིག་འཚོལ་ཐུབ་རྒྱུ་ནི་སྔོན་ཆད་ཡིད་ལའང་ཤར་མྱོང་མེད།ཁོ་རང་ད་ལྟའི་འཚོ་བར་ཡིད་ཚིམ་ཡོད།

 ལས་བཟོ་བ། དོན་གྲུབ་རྒྱལ།

དམངས་གཉེར་དཔལ་འབྱོར་ནི་དཔའ་ལུང་འཕེལ་རྒྱས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། ཁེ་ལས་པ་ནི་དཔའ་ལུང་འཕེལ་རྒྱས་སུ་འགྲོ་བའི་རྩ་ཆེའི་ནོར་བུ་ཡིན་པས། ས་གནས་སྲིད་གཞུང་གིས་དམངས་གཉེར་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེད་ཐབས་སྣ་ཚོགས་དམ་འཛིན་གང་ལེགས་བྱས་ཏེ། ཁེ་ལས་ཀྱི་འཕེལ་རྒྱས་བར་སྟོང་རྒྱ་བསྐྱེད་པ་དང་། སྤུས་ལེགས་ཚོང་རྟགས་བསྐྲུན་ནས་ས་གནས་དཔལ་འབྱོར་ལ་སྐུལ་ཁྲིད་ཀྱི་ནུས་པ་འདོན་པར་རྒྱབ་སྐྱོར་གང་ལེགས་བྱེད་བཞིན་འདུག

མིག་སྔར། ཁེ་ལས་པ་དོན་གྲུབ་ཀྱིས་དཔའ་ལུང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་གཞིར་བཟུང་སྟེ།མ་དངུལ་སྒོར་མོ་བྱེ་བ་བཞི་ས་ཡ་བརྒྱད་འབུམ་བདུན་ཁྲི་བདུན་བཏང་ནས། བ་ཡན་གྲོང་རྡལ་དུ་ཞིང་ཞོར་ཐོན་རྫས་སྡེབ་ཚོང་བྱེད་སའི་ཁྲོམ་ར་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་ཀྱིན་ཡོད་དེ། དེའི་ས་ངོས་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཆིག་སྟོང་བརྒྱད་བརྒྱ་ཡོད་ལ། གནས་དེ་ནི་གྲོང་རྡལ་གྱི་མི་ཚོགས་འདུ་རུབ་བྱེད་སའི་ས་ཁུལ་གཙོ་བོ་ཡིན་པར་མ་ཟད། རྨང་གཞིའི་སྒྲིག་ཆས་ཆ་ཚང་ཞིང་ཆུ་གློག་འདོན་སྤྲོད་སོགས་ཀྱི་དགོས་མཁོ་དང་འཚམ། ཁྲོམ་ར་ཆེན་པོ་དེ་ནི་ཞིང་བའི་འཁེལ་འཐག་ཐོན་ལས་སྡེབ་ཚོང་ཁང་དང་ཞིང་བཀོལ་ལྕགས་རིགས་ལྷུ་ལག་སྡེབ་ཚོང་ཁང་། ཞིང་ལས་ཐོན་རྫས་དང་ཞིང་ཞོར་ཐོན་རྫས་རིགས་བགར་ཁང་། ཐོན་རྫས་མཛོད་ཁང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁང་། ཟོང་སྐྱེལ་འཁོར་རྒྱུག་ལྟེ་གནས་སོགས་ཚོམས་ཁང་མང་པོ་གཅིག་འདུས་ཀྱིས་གྲུབ་པ་ཞིག་ཡིན་པས། མ་འོངས་པར་དེས་ས་གནས་ཀྱི་མི་དྲུག་བརྒྱ་ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་ཐུབ་པར་མ་ཟད། འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས། ཟ་ཁང་དང་ཚོང་ཁང་སོགས་ཐོན་ལས་རིགས་བདུན་ལ་སྐུལ་སློང་བྱས་ཏེ། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དོ་དམ་དང་ཁོར་ཡུག་བཅོས་སྐྱོང་། ལས་ཞུགས་བཅས་ཀྱི་ཐད་ནུས་པ་གང་ལེགས་འདོན་ཐུབ་ལ། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་ཐུབ་པར་རེ་བས་ཁེངས་འདུག

གསར་འགོད་པ། གཡང་འབུམ་རྒྱལ། རིག་འཛིན་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་པ། ཕྱུག་ལོ། 

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།