མཚོ་ནུབ་ཁུལ་གྱིས་ཚན་རྩལ་འདེགས་སྐྱོར་ལ་བརྟེན་ནས་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་རོགས་ཤུགས་བཏོན།
2023.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

གསར་འགོད་པས་ཉེ་ལམ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་མཚོ་ནུབ་ཁུལ་ནས་དངོས་འབེབས་ཞིབ་ཚགས་ཡོང་བར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་གསར་བའི་རྣམ་པ་མྱུར་དུ་གྲུབ་པར་བྱེད་པ། ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད། མཚོ་ནུབ་ཁུལ་གྱིས་ཐོན་ལས་མུ་འབྲེལ་གྱིས་གསར་གཏོད་མུ་འབྲེལ་ལ་བཀོད་སྒྲིག་བྱེད་པར་དམིགས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་གནད་འགག་སྲོག་ཤིང་གི་ལག་རྩལ་བརྒལ་གཏོར་བྱེད་པར་འབད་བརྩོན་བྱས་ནས། ཚན་རྩལ་ནུས་པར་བརྟེན་ནས་ཚྭ་མཚོའི་ཐོན་ཁུངས་གསར་འབྱེད་བེད་སྤྱོད་དང་། དག་གཙང་ནུས་ཁུངས། རྒྱུ་ཆ་གསར་བ་སོགས་ཀྱི་ཐོན་ལས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་སྐུལ་འདེད་བཏང་།

འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པ་དང་དམ་དུ་སྦྲེལ་ནས། ཚྭ་མཚོའི་ཐོན་ཁུངས་རྩད་ཞིབ་དང་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་ཞིབ་འཇུག་ཤུགས་དྲག་ཏུ་གཏོང་བ་དང་། ཏུན་འབུམ་གཅིག་གི་ལྕགས་རིགས་མཱེ་གཞི་གཅིག་ཅན་གྱི་རྣམ་གྲངས་ལག་རྩལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། ཅཱ་ཚྭའི་ཕན་འབྲས་མཐོ་བའི་བེད་སྤྱོད་དང་། ལིས་ཚྭའི་སྤུས་འདེགས་རྒྱ་སྐྱེད། མཱེ་ཚྭའི་གསར་གཏོད་བརྒལ་གཏོར་འགུལ་སྐྱོད་སོགས་ལག་བསྟར་བྱེད་པ་དང་། ཅཱ་ལུད་དང་ཐཱན་སྐྱུར་ལིས་ཡི་ཐོན་སྐྱེད་ཚད་བརྟན་པོའི་ངང་མཐོར་འདེགས་གཏོང་དགོས། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་ལོས་སྙོམ་འདུས་ཀྱི་གནད་འགག་རང་བཞིན་གྱི་དཀའ་གནད་སེལ་ཏེ། ཚྭ་མཚོའི་ཐོན་དང་སོལ་རྫས་བཟོ་ལས། རླངས་སྣུམ་བཟོ་ལས་སོགས་ཀྱི་སྐྱེ་ལྡན་མཉམ་སྲེས་ལ་སྐུལ་འདེད་གཏོང་དགོས།

དག་གཙང་ནུས་ཁུངས་ཐོན་ལས་ཀྱི་ལག་རྩལ་འདེགས་སྐྱོར་ནུས་པ་མཐོ་རུ་བཏང་སྟེ། ཉི་གློག་ཐོན་ལས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གློག་གསོག་སྒྲིག་ཆས་དང་རིག་ནུས་དོ་དམ་མ་ལག་སོགས་ཀྱི་གནད་འགག་ལག་རྩལ་གྱི་ཞིབ་འཇུག་གསར་སྤེལ་ལ་དམིགས་ནས། མཚོ་ནུབ་ཁུལ་གྱི་ཉི་གློག་གློག་འདོན་གྱི་ཕྱོགས་བསྡུས་ལས་ཕྱོད་དང་ཕྱོགས་བསྡུས་བེད་སྤྱོད་ཆུ་ཚད་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་།

རིག་འཛིན་སྒྲོལ་མས་བསྒྱུར།