ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བ་སྒྲུབ་མཁན་ཁྱོན་བསྡོམས་མི་འབོར་ཁྲི་དྲུག་དང་སྟོང་བརྒྱད་ལ་སླེབས།
2023.05.09 ཁུངས། ཀློག་གྲངས། 19

ཟླ་ལྔ་པའི་ཚེས་བརྒྱད་ཉིན། ཞིང་ཆེན་དམངས་སྲིད་ཐིན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བ་སྒྲུབ་མཁན་ཁྱོན་བསྡོམས་མི་འབོར་ཁྲི་དྲུག་དང་སྟོང་བརྒྱད་ལ་སླེབས། སྤྱི་ཚོགས་བྱ་བའི་ཆེད་ལས་འཇོན་མི་སྟོང་གསུམ་ལྔ་བརྒྱ་ལྷག་ཡོད་ལ། ལག་འཁྱེར་ཅན་གྱི་སྤྱི་ཚོགས་བྱ་བ་སྒྲུབ་མཁན་མི་འབོར་ཆིག་སྟོང་སུམ་བརྒྱ་གྱ་ལྔ་ཡོད། རྫོང་རིམ་པའི་སྤྱི་ཚོགས་བྱ་བའི་ལས་སྒྲུབ་ལྟར་གནས་ཞེ་ལྔ་བཙུགས་ཡོད་པ་དང་། ཡུལ་ཚོ་དང་གྲོང་རྡལ་སྤྱི་ཚོགས་བྱ་བ་སྒྲུབ་ས་སུམ་བརྒྱ་ང་བརྒྱད་བཙུགས་ནས། སྤྱིའི་ཁེབས་ཚད་བརྒྱ་ཆའི་གྱ་བརྒྱད་གྲངས་ཆུང་གསུམ་ལ་སླེབས་ནས། རྫོང་དུ་ལྟེ་བ་ཡོད་པ་དང་། ཡུལ་ཚོ་དང་གྲོང་རྡལ་ན་ས་ཚིགས་ཡོད་པའི་རྣམ་པ་ཐོག་མར་གྲུབ་པར་བྱས་ནས། དམངས་ལ་ཞབས་འདེགས་ཞུ་བའི་ཚད་མཐོ་རུ་བཏང་།

ས་ཚིགས་སུ་སྡོད་པའི་སྤྱི་ཚོགས་བྱ་བ་སྒྲུབ་མཁན་གྱིས་སྡེ་བ་ནང་དུ་སོང་ནས། རང་འགུལ་གྱིས་སྐོར་སྐྱོད་འཚམ་འདྲི་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་གཞོགས་འདེགས་འོག་ནས་དཀའ་ངལ་ཅན་གྱི་མང་ཚོགས་དང་དམིགས་བསལ་མི་ཚོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས། སྤྱི་ཚོགས་བྱ་བའི་ཆེད་ལས་འདུ་ཤེས་དང་ཐབས་ལམ། རྩལ་ནུས་བཀོལ་སྤྱོད་བྱས་ཏེ། ཞབས་ཞུའི་ཁ་གཏད་ལ་ཚན་རིག་དཔྱད་སྡུར་བྱས་པ་དང་། ཆེད་ལས་ཞབས་ཞུའི་འཆར་གཞི་གཏན་འབེབ་བཟོས་ནས། མི་རེ་ལ་ཇུས་གཞི་རེ་བཟོས་ཤིང་། གཅིག་གྱུར་གྱིས་སྣ་མང་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། ཞབས་ཞུ་བྱ་ཡུལ་གྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཇེ་དྲག་ཏུ་བཏང་།

དུས་མཉམ་དུ། ལོ་རེར་ཆུའུ་གསུམ་གྱི་འཆར་གཞིའི་ཆེད་ལས་མི་སྣ་བདུན་ཅུ་ལྷག་ས་ཁུལ་སོ་སོར་སོང་ནས། རྒན་པ་དང་། ན་གཞོན། དབང་བོ་སྐྱོན་ཅན། གཞིས་ཁུལ་སྡོད་དམངས་བཅས་ལ་ཆེད་ལས་ཞབས་ཞུ་སྒྲུབ་ཅིང་། ཞབས་ཞུ་དང་གསབ་སྦྱོང་། རོགས་རམ་དང་རྩལ་ནུས་གསོ་སྦྱོང་བཅས་ཀྱི་རྣམ་པ་ལ་བརྟེན་ནས་སྤྱི་ཚོགས་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།