སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས།
2023.05.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་གཉིས་ཀྱིས་མཉམ་འབྲེལ་སྒོས་འགན་ཁུར་ནས་བསྒྲུབས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས་པ་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་ཆེད་བསྐོས་འགན་ཁུར་བློ་མཐུན་དང་། གྲོང་ཁྱེར་དང་ཁུལ། རྫོང་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་བསྡོམས་པས་མི་ཞེ་གཅིག་གིས་གསོ་སྦྱོང་དང་ལེན་བྱས། སློབ་སྦྱོང་གསོ་སྦྱོང་བརྒྱུད་དེ། སློབ་མས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་འཛུགས་པར་སྐུལ་འདེད་བཏང་བ་དང་། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་བཏོན་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་།

སྐབས་འདིའི་གསོ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན་བཅུ་ཡིན་ལ། གསོ་སྦྱོང་སྐབས་སུ་སློབ་གྲྭའི་ནང་གི་གསོ་སྦྱོང་དང་སློབ་ཕྱིའི་གསོ་སྦྱོང་ཟུང་འབྲེལ་བྱེད་པ་དང་གཅིག་བསྡུས་སྒོས་སློབ་སྦྱོང་དང་རང་སྦྱོང་བྱེད་པ་གཉིས་ཟུང་འབྲེལ་བྱས་པ་དང་། ཕྱོགས་བསྡུས་སྒོས་འཆད་ཁྲིད་རང་བཞིན་དང་བརྗེ་རེས་རང་བཞིན། ཚན་ཆུང་བགོས་ནས་བགྲོ་གླེང་བྱེད་པ་སོགས་ཀྱི་སློབ་ཁྲིད་བྱེད་ཐབས་སྤྱད་དེ་སློབ་ཁྲིད་བྱ་འགུལ་སྤེལ། སློབ་ཁྲིད་ཀྱི་ནང་དོན་ཐད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་གི་གོ་དོན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་མཚོ་སྔོན་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་གནས་གསར་སྐྲུན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་འདུ་ལ། ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཆེད་མཁས་པ་དང་རིག་གནས་པ་གདན་འདྲེན་ཞུས་ནས་སློབ་ཁྲིད་བྱས། དེ་དང་མཉམ་དུ། སློབ་མ་ཚོས་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་བའི་ཐད་ནས་བསམ་ཚུལ་བརྗེ་རེས་དང་བགྲོ་གླེང་བྱས།