རང་ཞིང་གིས་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་ཆུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་ཆེད་དོན་འགུལ་སྐྱོད་བཀོད་སྒྲིག་བྱས།
2023.05.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱེད་པ་དང་། ཆུའི་སྲིད་འཛིན་ཁྲིམས་འཛིན་དང་ཞིབ་དཔྱོད་སྤྱི་ཕན་ཞུ་གཏུག་མཉམ་ལས་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱེད་པ། རྨ་ཆུའི་བཞུར་རྒྱུད་ཀྱི་ཆུའི་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་ཆེད། ཆུ་བེད་པུའུ་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་བྱ་བའི་བཀོད་སྒྲིག་ལྟར། ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་ཆུ་བེད་ཐིན་གཉིས་ཀྱིས་ཉེ་སྔོན་མཉམ་འབྲེལ་སྒོས་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་ཆུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་ཆེད་དོན་འགུལ་སྐྱོད་ལག་བསྟར་ཇུས་གཞི་པར་སྐྲུན་འགྲེམ་སྤེལ་བྱས།

ལག་བསྟར་ཇུས་གཞིའི་ནང་ཆུ་གྲོན་ཆུང་བྱེད་པ་གཙོར་འཛིན་པ་དང་བར་སྟོང་དོ་མཉམ་པར་བྱེད་པ། མ་ལག་བཅོས་སྐྱོང་དང་ཕྱོགས་གཉིས་ཐད་ལ་ཤུགས་འདོན་པའི་ཆུ་སྐྱོང་བསམ་ཕྱོགས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རྒྱུན་མཐུད་ངང་གསར་སྐྲུན་བྱེད་པ། ཐོན་ལས་ཀྱི་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཆུའི་སྲིད་འཛིན་ཁྲིམས་འཛིན་གྱི་ཆུའི་ཐོན་ཁུངས་དོ་དམ་ཁྲོད་ཀྱི་ནུས་པ་དང་ཞིབ་དཔྱོད་སྤྱི་ཕན་ཞུ་གཏུག་གི་ལྟ་སྐུལ་དང་རྒྱབ་སྐྱོར། ཁྲིམས་སྐྱོང་འགན་སྲུང་གི་ནུས་པ་འདོན་སྤེལ་བྱེད་པ། བཞུར་རྒྱུད་ནང་ཁོངས་ཀྱི་ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོབ། གསར་སྤེལ། བེད་སྤྱོད་ཀྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། ཆུའི་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་དང་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ། རང་ཞིང་གི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་པའི་རེ་བ་བཏོན།

ལག་བསྟར་ཇུས་གཞིའི་ནང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྲོལ་གཞིར་འཛིན་པ་རྒྱུན་འཁྱོངས་བྱེད་པ། རིགས་བགར་ནས་བྱེད་ཐབས་སྤྱོད་པ་རྒྱུན་འཁྱོངས་བྱེད་པ། མཉམ་ལས་སྐུལ་འདེད་རྒྱུན་འཁྱོངས་བྱེད་པ། གཙོ་བོར་རྨ་ཆུའི་བཞུར་རྒྱུད་ཀྱི་གནས་ཚུལ་ཛ་དྲག་ཡིན་པ་དང་ཤུགས་རྐྱེན་མི་བཟང་བ། དག་ཐེར་ལེགས་བཅོས་མི་བྱེད་པའི་ཁྲིམས་འགལ་ཆུ་བཀོལ་གནད་དོན་རྟོག་སེལ་བྱེད་པ། ཆུ་བཀོལ་ཆོག་པའི་མཆན་འགོད་དོ་དམ་དང་ཆུའི་སྲིད་འཛིན་ཁྲིམས་འཛིན་གྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ། ཆུའི་སྲིད་འཛིན་ཁྲིམས་འཛིན་དང་ཞིབ་དཔྱོད་སྤྱི་ཕན་ཞུ་གཏུག་མཉམ་ལས་ལ་ཤུགས་སྣོན་པ། གནད་དོན་ཆེད་དུ་བཅོས་སྐྱོང་བྱེད་པ། དོ་དམ་གྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རྨ་ཆུའི་བཞུར་རྒྱུད་ཀྱི་ཆུའི་ཐོན་ཁུངས་དོ་དམ་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་སྟེ། རྨ་ཆུའི་བཞུར་རྒྱུད་ཀྱི་ཆུའི་སྒྲིག་ལམ་རྒྱུན་མཐུད་ངང་ཇེ་བཟང་དུ་གཏོང་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

རྟོག་སེལ་བཅོས་སྐྱོང་གི་ནང་དོན་གཙོ་བོ་ཐད་ནས་ཆོག་མཆན་མ་བཀོད་པར་རང་དགར་དུ་ཆུ་བཀོལ་བ་དང་ཆུ་བཀོལ་ཆོག་མཆན་ཡིག་ཆ་མ་བླངས་པར་རང་དགར་དུ་ཆུ་བཀོལ་བ། ཆོག་མཆན་གྱི་ཆ་རྐྱེན་དང་འགལ་ནས་ཆུ་བཀོལ་བ། སྐྱེ་ཁམས་ཆུ་བཀོལ་དོ་དམ་གྱི་རེ་བ་དང་འགལ་བ། བཅའ་ཁྲིམས་ལྟར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་མི་བྱེད་པ་སོགས་འདུ།

ཆེད་དོན་འགུལ་སྐྱོད་དེ་ད་ལོའི་ཟླ་ལྔ་བ་ནས་ཟླ་བཅུ་གཉིས་བར་སྤེལ་རྒྱུ་ཡིན་པ་དང་། གཙོ་བོར་བཀོད་སྒྲིག་སྐུལ་སློང་དང་རྟོག་སེལ་དག་ཐེར་དང་གཙོ་གནད་ཞིབ་བཤེར། སྤྱི་སྡོམ་མཐོར་འདེགས་བཅས་དུས་རིམ་བཞི་རུ་དབྱེ་ཡོད།

རིན་ཆེན་མཚོས་བསྒྱུར།