ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་དུས་ཚིགས་དང་པོའི་སྤྱི་ཚོགས་མཛད་སྤྱོད་ཚོང་རྫས་ཕྱིར་འཚོང་ལ་གྲུབ་འབྲས་བཟང་བོ་ཐོབ།
2023.05.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་ལྔ་བའི་ཚེས་དགུ་ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཚིགས་དང་པོའི་ནང་ཡུས་ཧྲུའུ་ཁུལ་གྱིས་སྤྱི་ཚོགས་མཛད་སྤྱོད་ཚོང་རྫས་ཕྱིར་འཚོང་གི་སྡོམ་འབོར་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཅིག་ས་ཡ་ལྔ་འབུམ་དགུ་ཁྲི་བཞི་དང་སྟོང་བདུན་ལ་སླེབས་པ་དང་དུས་མཉམ་ལས་བརྒྱ་ཆའི་ལྔ་དང་གྲངས་ཆུང་དྲུག་འཕར་ལ། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་ཚེག་གཉིས་ཀྱིས་མཐོ་བས་ལོ་ཧྲིལ་བོའི་ཕྱིར་འཚོང་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིངས། སྡོམ་རྩིས་ཅུའུ་ཡིས་ལྟ་ཞིབ་བྱས་པའི་གཙོ་གནད་ལས་རིགས་ཀྱི་གནས་ཚུལ་ལ་བལྟས་ན། དུས་ཚིགས་དང་པོའི་ནང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མགྲོན་ཁང་ལས་རིགས་ཀྱི་འཕར་ཚད་ཅུང་མཐོ་ལ། ལས་གཉེར་འབོར་སྡོམ་སྒོར་ས་ཡ་དགུ་དང་འབུམ་བཞི་ཁྲི་བདུན་སྟོང་བརྒྱད་ལ་སླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི་བཞི་དང་གྲངས་ཆུང་དྲུག་འཕར་བ་རེད། སིལ་འཚོང་ལས་རིགས་ཀྱི་སྡོམ་འབོར་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ས་ཡ་བཞི་འབུམ་གསུམ་དང་སྟོང་གསུམ་ལ་སླེབས་པ་དང་དུས་མཉམ་ལས་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཅིག་འཕར་སྣོན་བྱུང་། ཟས་རིགས་ལས་རིགས་ཀྱི་ལས་གཉེར་འབོར་སྡོམ་སྒོར་བྱེ་བ་དྲུག་དང་ས་ཡ་བརྒྱད་འབུམ་ལྔ་ཁྲི་བརྒྱད་དང་སྟོང་བཞི་སླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི་གཅིག་དང་གྲངས་ཆུང་གཉིས་འཕར། སྡེབ་ཚོང་ལས་རིགས་ཀྱི་འཕར་ཚད་ཅུང་དམའ་མོད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་ཚེག་བཞི་དང་གྲངས་ཆུང་གསུམ་གྱིས་མཐོ་བས་འཕེལ་རྒྱས་རྣམ་པ་བཟང་ཕྱོགས་སུ་མངོན།

རྒྱུས་ལོན་པ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོའི་ལོ་མགོ་ནས་བཟུང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་བཟོ་ལས་ཡིད་རྟོན་ལས་རིགས་ཀྱི་གཙོ་གཉེར་སྡེ་ཁག་གིས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་དང་མཛད་སྤྱོད་སླར་གསོའི་ཆེད་དོན་འགུལ་སྐྱོད་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། བརྟན་འཇགས་ངང་སྔོན་དཔག་དུས་རིམ་དུ་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་ཚོང་རའི་གསོན་ཤུགས་བསྐྱེད་པ། མཛད་སྤྱོད་ཀྱི་སྒུལ་ཤུགས་འདོན་སྤེལ་བྱེད་པ་དམིགས་ཡུལ་དུ་བཟུང་ནས་གོང་འོག་མཉམ་འགུལ་དང་མཉམ་དུ་དམ་འཛིན་བྱེད་པ། མཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་མཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བ་སོགས་བྱེད་ཐབས་སྣ་མང་ལ་བརྟེན་ནས་ས་གནས་ཀྱི་མཛད་སྤྱོད་སྦས་ཤུགས་འདོན་སྤེལ་བྱེད་པ་དང་མཛད་སྤྱོད་ཚོང་ར་སླར་གསོ་དང་བརྟན་འཇགས་ཡོང་ནས་དུས་ཚིགས་དང་པོའི་དམིགས་འབེན་ལས་འགན་མངོན་འགྱུར་བྱས།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཡིད་རྟོན་ལས་དོན་ཅུའུ་ཡིས་དབྱར་རྩྭ་དགུན་འབུ་བརྐོ་བ་དང་སྲོལ་རྒྱུན་གྱི་རྟ་རྒྱུགས་འགྲན་སྡུར་དུས་ཆེན། ཡུལ་སྐོར་བ་མང་བའི་དུས་ཚིགས་སོགས་གཙོ་གནད་དུས་རིམ་དུ་རྣམ་པ་སྣ་མང་གི་སྲོལ་རྒྱུན་མཛད་སྤྱོད་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་། སྲིད་གཞུང་གིས་མཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ཁེ་ལས་ཀྱིས་མཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་རྣམ་པ་བརྒྱུད་ནས་དཔལ་འབྱོར་འཕར་སྣོན་ཁྲོད་ཀྱི་རྨང་གཞི་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། དཔལ་འབྱོར་སྤུས་ཚད་ཕན་ནུས་ལྡན་པའི་ངང་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་འབྱུང་བར་སྐུལ་འདེད་བཏང་།

མི་ཕམ་མགོན་པོས་བསྒྱུར།