མཚོ་སྔོན་ཞིང་ཆེན་གྱིས་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་བཏོན།
2023.05.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 66

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཚན་རིག་ལག་རྩལ་ཐིན་སོགས་ཐིན་དང་ཅུའུ་བཅུ་བཞི་ཡིས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱིས་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་ཞེས་པ་དཔར་ནས་བཀྲམ་སྟེ། ཟླ་ལྔ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱས་ལ། དེས་2026ལོའི་ཟླ4པའི་ཚེས30ཉིན་བར་གོ་ཆོད་རྒྱུ་རེད།

སྲིད་ཐུས་བྱེད་ཐབས་ཀྱི་ནང་དུ་གློག་འདོན་འགན་སྲུང་དང་གློག་བཀོལ་འགན་སྲུང་། ཚོང་འགུག་དངུལ་འདྲེན། ས་བཀོལ་འགན་སྲུང་། ཚན་རྩལ་གསར་གཏོད། མ་དངུལ་བསྡུ་འཇོག་དང་ཁྲལ་བསྡུ། འཇོན་མི་ནང་འགུག ཚོང་གཉེར་ཁོར་ཡུག་སོགས་ཕྱོགས་བརྒྱད་འདུས་ཡོད་ལ། རང་ཞིང་གི་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། རང་འགུལ་གྱིས་རྒྱལ་ཁབ་ཀྱི་བཀོད་པ་དང་མཐུན་པར་བྱེད་པ། གཞི་གྲངས་ཆེན་མོའི་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ། གཞི་གྲངས་ཆེན་མོའི་ཐོན་ལས་དེ་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ཤུགས་གསར་བར་འགྱུར་བར་སྐུལ་འདེད་གཏོང་བ་བཅས་གཙོ་བོར་བཟུང་ཡོད།

ཚོང་འགུག་དངུལ་འདྲེན་གྱི་སྲིད་ཇུས་ཕྱོགས་ནས། རང་ཞིང་གིས་ཞིང་ཆེན་རིམ་པའི་བཟོ་ལས་ཆེད་སྤྱོད་མ་དངུལ་ཅན་དུ་ཚུལ་སྒྱུར་རིམ་སྤོར་བྱེད་པ་དང་། ཞིང་ཆེན་རིམ་པས་དེ་སྔོན་གསོ་སྐྱོང་གསར་སྣོན་བྱས་པའི་བཟོ་ལས་ཁེ་ལས་ལ་སྒོར་འབུམ་གཉིས་ཀྱི་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྟེར་རྒྱུ། གསར་གཏོད་རང་བཞིན་གྱི་ཁེ་ལས་འབྲིང་ཆུང་རིགས་ལ་སྒོར་འབུམ་གཉིས་མི་བརྒལ་བའི་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྟེར་བ། ཞིབ་མཁས་གསར་གྲས་ཀྱི་ཁེ་ལས་འབྲིང་ཆུང་རིགས་ལ་སྒོར་འབུམ་ལྔ་ལས་མི་བརྒལ་བའི་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྟེར་བ། ཞིབ་མཁས་གསར་གྲས་ཀྱི་སྐྱེས་ཆེན་ཁེ་ལས་ལ་སྒོར་ས་ཡ་གཅིག་ལས་མི་བརྒལ་བའི་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྟེར་བ་སོགས་བྱས་ནས། གྲོང་ཁྱེར་དང་ཁུལ་སོ་སོ་དང་གླིང་ཁུལ་བཅས་ལ་སྐུལ་སློང་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་ཚོང་འགུག་ནང་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་གཏན་འབེབས་ཕྱིར་འདོན་བྱས་ཏེ། ས་ཁུལ་དང་གླིང་ཁུལ་ཐོན་ལས་ཀྱི་འཆར་གཞི་ངེས་གནས་དང་མཐུན་པའི་གཞི་གྲངས་ཆེན་མོའི་ཁྱབ་ཁོངས་ཀྱི་རྣམ་གྲངས་ནང་འདྲེན་བྱེད་རྒྱུ་དེ་རེད།

ཚན་རྩལ་གསར་གཏོད་ཀྱི་སྲིད་ཇུས་ཕྱོགས་ནས། གསར་དུ་ངོས་འཛིན་བྱས་པའི་ཞིང་ཆེན་སྡེ་ཁག་གིས་མཉམ་བསྐྲུན་དང་ཁེ་ལས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་དང་། རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་སོགས་ཞིབ་འཇུག་གསར་སྤེལ་སྟེགས་བུ་ལ། འཛུགས་སྐྲུན་དུས་ཡུན་ནང་ལོ་རེར་སྒོར་ས་ཡ་གཉིས་ཀྱི་རྒྱབ་སྐྱོར་བྱེད་པ་དང་རྒྱབ་སྐྱོར་དུས་ཡུན་ལོ་ལྔ་རེད། ཕུལ་བྱུང་དང་ལེགས་ཤོས་ལ་དཔྱད་དཔོག་བྱས་པའི་གཙོ་གནད་ཚོད་ལྟ་ཁང་ལ་དཔྱད་དཔོག་བྱས་རྗེས་ཀྱི་ལོ་གསུམ་གྱི་ནང་ལོ་རེ་བཞིན་སོ་སོར་སྒོར་ས་ཡ་གཅིག་དང་འབུམ་ལྔ་དང་། སྒོར་འབུམ་ལྔ་ལས་མི་བརྒལ་བའི་རྒྱབ་སྐྱོར་བྱེད་རྒྱུར་རེད། རྒྱལ་ཁབ་ཤེས་བྱའི་ཐོན་དབང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཚོད་ལྟའི་གྲོང་ཁྱེར་དུ་དཔྱད་དཔོག་བྱས་པའི་རྣམ་གྲངས་རྐྱང་བར་ཁ་གསབ་སྒོར་འབུམ་ལྔ་སྟེར་རྒྱུ་རེད། རྒྱལ་ནང་གི་གསར་གཏོད་ཆེད་ཁེའི་དབང་ཐོབ་ལ་རེ་རེ་བཞིན་སྒོར་སྟོང་གཉིས་ཀྱི་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྟེར་རྒྱུ་རེད།

མ་དངུལ་བསྡུ་འཇོག་དང་ཁྲལ་བསྡུ་སོགས་ཀྱི་སྲིད་ཇུས་ཐད། 2023ལོ་ནས་2025ལོའི་བར། ཐེངས་གཅིག་ལ་འཕྲུལ་བརྟེན་སྒྲིག་ཆས་སུམ་སྟོང་གསར་བསྐྲུན་བྱས་པའི་གཞི་གྲངས་ལྟེ་གནས་ཆེ་གྲས་དང་ཆེས་ཆེ་གྲས་དང་། རྣམ་གྲངས་ཞིབ་བཤེར་རྩིས་ལེན་ཚད་གཞི་དང་མཐུན་རྗེས་གོ་རིམ་ལྟར་བྱ་དགའི་ཁ་གསབ་སྟེར་རྒྱུ་རེད། ནུབ་ཕྱོགས་ས་ཁུལ་གྱི་སྐུལ་སློང་ཐོན་ལས་དཀར་ཆག་ཁྲོད་གཏན་འབེབས་བྱས་པའི་ཐོན་ལས་རྣམ་གྲངས་གཙོ་བོར་གཉེར་བ་དང་། དེའི་ཁྲོད་ཀྱི་གཙོ་གཉེར་ཡོངས་འབབ་ཀྱིས་ཁེ་ལས་ཡོངས་འབབ་ཀྱི་སྤྱི་འབོར་ལས་བརྒྱ་ཆའི་དྲུག་ཅུ་ཡན་ཟིན་པའི་གཞི་གྲངས་ཆེན་མོའི་ཁེ་ལས་ལ།  བརྒྱ་ཆའི་བཅོ་ལྔའི་ཁྲལ་ཚད་མར་བཅག་ནས་ཁེ་ལས་ཀྱི་ཐོབ་ཁྲལ་བསྡུ་རྒྱུ་རེད།

                                                                                            རིག་འཛིན་སྒྲོལ་མས་བསྒྱུར།