མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲུང་སྐྱོབ་ས་ཆ་སོ་བརྒྱད་ཀྱིས་མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོང་ས་ཁུལ་གསར་གཏོད་མནའ་འབྲེལ་མཉམ་སྐྲུན་བྱས།
2023.05.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་ལྔ་པའི་ཚེས་ཉེར་གཉིས་ཉིན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་དང་ཞིང་ཆེན་ཡོངས་ཀྱི་སྲུང་སྐྱོབ་ས་ཆའི་གཙོ་འགན་སྡེ་ཁག་སོ་བརྒྱད་ཀྱིས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་སྲུང་སྐྱོབ་ས་ཁུལ་གྱི་གསར་གཏོད་མནའ་འབྲེལ་གྱི་མཉམ་ལས་སྲུང་སྐྱོབ་དོ་དམ་གྲོས་མཐུན་བཀོད་དེ། མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་གསར་གཏོད་མནའ་འབྲེལ་མཉམ་སྐྲུན་བྱས། 

མདོ་ལ་རི་བོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་གཙོ་བོ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་ཆུ་ཁུངས་བཞུར་རྒྱུན་ས་ཆ་གཙོ་བོ་ཡིན་ལ། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་གཙོ་གནད་ཁུལ་ཁུངས་ཀྱང་ཡིན་པ་དང་། དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་དང་སྣེ་གསུམ་སྐྱེ་ཁམས་སྲུང་སྐྱོབ་གནད་འགག་ཁུལ་ཁོངས་དེ་ལས་ཀྱང་ཡིན་ལ། དེར་དམིགས་བསལ་དང་གལ་ཆེ་བའི་སྐྱེ་ཁམས་གོ་གནས་ཡོད་པ་དང་། ཁུལ་ཁོངས་ནང་གི་རང་བྱུང་སྲུང་སྐྱོབ་ས་ཆའི་གྲངས་ཀ་མང་ཞིང་རིགས་སྣ་ཕུན་སུམ་ཚོགས་ལ། རྩོལ་ནུས་མང་བ་དང་། རང་བྱུང་སྲུང་སྐྱོབ་ས་ཆ་སོ་བརྒྱད་ཡོད་ལ། མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ས་ཆའི་རིགས་སྣ་ཡོངས་རྫོགས་ནང་དུ་འདུ་བ་དང་། ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཆ་བརྒྱ་ཆའི་བཞི་བཅུ་ཙམ་མདོ་ལ་རི་བོའི་ཁུལ་ཁོངས་སུ་ཁྱབ་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཉིས་དང་སྟོང་བཞི་དྲུག་བརྒྱ་ཡོད་པ་དང་། ཁུལ་ཁོངས་ཀྱི་རྒྱལ་ཁོངས་རྒྱ་ཁྱོན་བརྒྱ་ཆའི་སོ་དགུ་ཙམ་ཟིན།

རྒྱལ་ཁབ་ནགས་རྩྭ་ཅུའུ་ནུབ་བྱང་བརྟག་བཤེར་འཆར་འགོད་གླིང་གི་ཡོན་ཀྲང་གཞོན་པ་ཝང་ཞའོ་ཁང་གིས་ངོ་སྤྲོད་བྱས་པ་ལྟར་ན། རང་བྱུང་སྲུང་སྐྱོབ་ས་ཆ་ནི་སྐྱེ་ཁམས་སྲུང་སྐྱོབ་དང་སྲོག་ཤིང་འཛུགས་སྐྲུན་གྱི་འདྲེན་བྱེད་ཡིན་པ་དང་། རང་བྱུང་སྲུང་སྐྱོབ་ས་ཆའི་འདུ་ཚོགས་འཛུགས་སྐྲུན་བྱེད་རྒྱུ་དེ་མདོ་ལའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོང་བྱེད་པ། ཁྱད་ལྡན་རི་སྐྱེས་སྲོག་ཆགས་ཐོན་ཁུངས་དང་ས་གཤིས་ས་བྱད་མཛེས་ལྗོངས་ཀྱི་སྣ་མང་རང་བཞིན། རང་བྱུང་སྐྱེ་ཁམས་མ་ལག་གི་བདེ་ཐང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན། རང་བྱུང་སྲུང་སྐྱོབ་ས་ཆའི་འདུ་ཚོགས་མནའ་འབྲེལ་འཛུགས་སྐྲུན་ཐད་ནས་ཐོག་མར་ཅུང་ཆ་ཚང་བའི་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ། རང་བྱུང་སྤྱི་གླིང་བར་སྟོང་གྲུབ་ཚུལ་བཙུགས་པ་དང་། མཉམ་དུ་ཁུལ་ཁོངས་ཀྱི་སྐྱེ་ཁམས་ཐོན་ཁུངས་ལ་སྤུས་ཚད་མཐོ་བའི་ངང་སྲུང་སྐྱོབ་བྱེད་པ་དང་རྒྱུན་བསྲིང་ནས་འཕེལ་རྒྱས་སུ་གཏོང་བར་ཕན་པ་ཡོད་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཇེ་བརྟན་དུ་གཏོང་བ་དང་སྐྱེ་ཁམས་ལེགས་བསྒྱུར་ལ་ཁག་ཐེག་བྱེད་པར་དོན་སྙིང་གལ་ཆེན་ལྡན།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་མདོ་ལ་རི་བོའི་ཁུལ་ཁོངས་དེ་ཞིང་ཆེན་ཡོངས་ཀྱི་ཟི་ལིང་དང་མཚོ་ཤར། མཚོ་བྱང་། མཚོ་ནུབ་བཅས་གྲོང་ཁྱེར་དང་ཁུལ་བཞི་དང་རྫོང་བཅུ་གཉིས་སུ་འཕྲེད་བརྒལ་བྱས་ཡོད་པ་དང་། གཙོ་བོར་གཅིག་བསྡུས་སྒོས་མདོ་ལ་རི་བོའི་ནུབ་རྒྱུད་ཀྱི་རི་ནགས་སྤང་རྩྭ་ཁུལ་དང་མདོ་ལ་རི་བོའི་ཤར་རྒྱུད་ཀྱི་ནགས་རྩྭ་ཁུལ་དང་ཙོང་ཆུའི་གྲོག་རོང་ས་ཁུལ་བཅས་སུ་ཁྱབ་ཡོད་ལ། ཁུལ་ཁོངས་ཀྱི་ནགས་ཚལ་དང་རྩྭ་ས་སྤང་ས། བྱེ་ཐང་། མཚེའུ་དང་བརླན་ས། འཁྱགས་ཀླུང་གངས་རི་སོགས་རང་བྱུང་སྐྱེ་ཁམས་མ་ལག་ཆ་ཚང་ལ་སྲུང་སྐྱོབ་བྱས་པ་དང་། གསའ་དང་ནོར་གནག་སོགས་རྒྱུ་ཆད་ཉེན་ཆེ་བའི་རི་སྐྱེས་རི་དྭགས་རྩ་ཆེན་ལ་སྲུང་སྐྱོབ་བྱས།

རིན་ཆེན་མཚོས་བསྒྱུར།