ཉེ་ལམ། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། ཀྲེ་ཅང་ཞིང་ཆེན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡིས་ཀྲེ་ཅང་ཞིང་ཆེན་ནོར་སྲིད་ཐིན་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན། མཚོ་ནུབ་ཁུལ་ནོར་སྲིད་ཅུའུ་སོགས་སྡེ་ཁག་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྔ་མོ་ནས་མཚོ་ནུབ་ཁུལ་དུ་སྟེར་ཐུབ་པར་བྱས། ཐེངས་འདིའི་མ་དངུལ་དེ་དམངས་ཚིས་དང་གཞི་རིམ་ལ་དམིགས་སུ་བཏང་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མ་ཆད་པར་མཐོར་འདེགས་སུ་བཏང་།
ད་ལོར་ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་བདུན་བཀོད་སྒྲིག་བྱས་ནས། རིགས་མི་འདྲ་བ་ལྔའི་ལས་གཞི་གོ་བརྒྱད་ལག་བསྟར་བྱས། དམངས་ཚིས་ལེགས་སྒྱུར་ཕྱོགས་ནས། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་རིགས་ཀྱི་ལས་གཞིའི་ཐད་ནས་མ་དངུལ་སྒོར་དུང་ཕྱུར་གཅིག་ས་ཡ་གཅིག་འབུམ་དགུ་ཁྲི་བདུན་བཀོད་སྒྲིག་བྱས་ཏེ། རོང་འབྲོག་དམངས་ཀྱི་ཕྱིར་བགྲོད་དང་ཞིང་སྡེའི་རྒན་གསོ་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོར་འདེགས་སོགས་ལས་གཞིའི་ཐད་རྒྱབ་སྐྱོར་བྱས་པ་དང་། དམངས་ཚིས་ལས་དོན་འཕེལ་རྒྱས་ཐད་ཀྱི་ཞན་ཆ་ཁ་གསབ་བྱས།
རིག་ནུས་རོགས་སྐྱོར་རིགས་ཀྱི་ལས་གཞི་ཐད་ནས་མ་དངུལ་སྒོར་བྱེ་བ་བཞི་དང་ས་བཞི་འབུམ་གཅིག་ཁྲི་དྲུག་བཀོད་སྒྲིག་བྱས་ཏེ། འཇོན་མིའི་མཛོད་འཛུགས་སྐྲུན་དང་གསར་སྐྲུན་གཉིས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ལས་གཞི་འཛུགས་སྐྲུན། གཞི་རིམ་འཇོན་མིའི་གསོ་སྦྱོང་སོགས་ལས་གཞི་ཐད་རྒྱབ་སྐྱོར་བྱས་ནས། མཚོ་ནུབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་རྩལ་འཇོན་མི་སྐྱེད་སྲིང་བྱེད་ཆེད་མ་དངུལ་གྱི་འགན་སྲུང་འདོན་སྤྲོད་བྱས།
ཐོན་ལས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཕྱོགས་ནས། ཐོན་ལས་ཀྱི་རོགས་སྐྱོར་རིགས་ཀྱི་ལས་གཞིའི་ཐད་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་བདུན་ཁྲི་གཅིག་བཀོད་སྒྲིག་བྱས་ཏེ། ཀྲེ་ཅང་བཟོ་ལས་ར་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་ན་གོར་མོའི་གྲོང་ཁྱེར་རིག་གནས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ། ཝུའུ་ལན་རྫོང་གིས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱེད་པ་སོགས་ཀྱི་ལས་གཞིའི་ཐད་རྒྱབ་སྐྱོར་བྱས་ནས། མཚོ་ནུབ་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་།
སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དང་རིག་གནས་སློབ་གསོའི་རྒྱབ་སྐྱོར་སོགས་ཕྱོགས་ནས་མ་དངུལ་སྒོར་བྱེ་བ་བཞི་ས་ཡ་བདུན་འབུམ་གསུམ་བཀོད་སྒྲིག་བྱས་ནས། རྨང་གཞིའི་སློབ་རའི་མཉམ་འབྲེལ་དྲ་རྒྱ་དང་སློབ་གསོ་འཛུགས་སྐྲུན་དང་སློབ་གྲྭ་ཆུང་འབྲིང་གི་ཚོད་ལྟ་ཁང་གི་སྒྲིག་ཆས་བསྒྱུར་བཀོད། སློབ་གསོའི་རྨང་གཞི་སྒྲིག་ཆས་མཐོར་འདེགས་བཟོ་སྐྲུན། རིག་གནས་ཡུལ་སྐོར་འཕེལ་རྒྱས་སོགས་འཛུགས་སྐྲུན་ལས་གཞི་ཐད་རྒྱབ་སྐྱོར་དང་། མཚོ་ནུབ་ཀྱི་སློབ་གསོ་རིག་གནས་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས།
མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་རིགས་ཀྱི་ལས་གཞིའི་ཐད་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་བརྒྱད་ཁྲི་དྲུག་བཏང་ནས། ཏང་སྲིད་དང་ཉོ་ཚོང་། རིག་གནས་སོགས་ལས་རིགས་སོ་སོའི་བརྗེ་རེས་འགྲོ་འོང་དང་མཉམ་ལས་སོགས་བྱ་འགུལ་ཐད་རྒྱབ་སྐྱོར་བྱས།
རིན་ཆེན་མཚོས་བསྒྱུར།