ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་པ་དང་། གསར་བརྗེའི་རིག་གནས་དང་ལྗང་མདོག་སྐྱེ་ཁམས་ཐོན་ཁུངས་ཆེན་པོ་གཉིས་ལ་གཞི་བཅོལ་ནས་གསར་བརྗེའི་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར་མཉམ་འདྲེས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་ཞིག་གསར་ཏུ་བཏོད་པ་དང་མཉམ་དུ། གསར་བརྗེའི་རིག་གནས་ཀྱིས་སྣེ་ཁྲིད་བྱེད་པ་དང་ལྗང་མདོག་རྒྱང་སྐྱོད་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་པས། སྐྱེ་ཁམས་མཛེས་ཤིང་ཐོན་སྐྱེད་དར་ལ། འཚོ་བ་སྐྱིད་པའི་རྣམ་པ་བཟང་བོ་ཞིག་མངོན་ཡོད།
ཉེ་བའི་ལོ་ཤས་རིང་། ཐེ་བོ་རྫོང་གིས་ཡུལ་སྐོར་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དང་བསྟུན་ནས། གྲོང་གསེབ་དར་སྤེལ་འཐུབ་ཇུས་ཀྱི་སྤྱིའི་བླང་བྱ་ལྟར། ཐོན་ལས་དར་རྒྱས་དང་གྲོང་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་འགྱུར་གྱི་རེ་འདུན་ལ་ཟུང་འབྲེལ་ནན་མོ་བྱས་ཏེ་གསར་བརྗེའི་སློབ་གསོ་དང་གསར་བརྗེའི་ཡུལ་སྐོར། ཐོན་ལས་འཕེལ་རྒྱས་བཅས་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས་གསར་བརྗེའི་རིག་གནས་ཀྱི་ཤུགས་རྐྱེན་ཇེ་ཟབ་ཏུ་བཏང་། ལ་གཟར་འགག་ཡུལ་ཚོ་སྟག་ར་སྡེ་བས་ཕུན་སུམ་ཚོགས་པའི་གསར་བརྗེ་དང་སྐྱེ་ཁམས་ཐོན་ཁུངས་ལ་གཞི་བཅོལ་ནས་སྟག་ར་གསར་བརྗེའི་ཡུལ་སྐོར་ཆེད་ལས་སྡེ་བ་དེ་དྲ་གྲགས་ཡུལ་སྐོར་སྡེ་བ་ཞིག་ཏུ་བསྒྱུར།
ཐེ་བོ་རྫོང་གིས་བྲག་སྒམ་ནང་ལྗོངས་ཁུལ་གཙོར་བཟུང་ནས་ལྗོངས་ཁུལ་སྲུང་སྐྱོབ་དང་གསར་སྤེལ་མཉམ་འབྲེལ་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ནས་དུས་བཞིར་ཡུལ་སྐོར་བྱ་ཐུབ་པར་འབད་པ་བྱས་པ་སྟེ། བཟའ་བཏུང་དང་རོལ་རྩེད། ཁམས་གསེང་། ཕྱི་རོལ་ལྗོངས་རྒྱུ་སོགས་གཞི་གཅིག་ཏུ་འདུས་པའི་ཁྱད་ལྡན་ཡུལ་སྐོར་རྣམ་པ་རིམ་བཞིན་གྲུབ་པས་བྲག་སྒམ་ནང་ལྗོངས་ཁུལ་དེ་དུས་ཚིགས་གཅིག་གི་ཡུལ་སྐོར་ནས་དུས་ཚིགས་བཞིའི་ཡུལ་སྐོར་བྱེད་ཡུལ་དུ་གྱུར་ཡོད།
འཕྲིན་གཏོང་བ། བདེ་སྐྱིད་འཚོ།