མཚོ་བྱང་ཁུལ་གྱིས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་རྒན་གསོ་ཞབས་ཞུའི་རྒྱུ་སྤུས་ཇེ་ལེགས་སུ་བཏང་།
2023.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་ལྔ་པའི་ཚེས་ཉེར་ལྔ་ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་ཀྱི་སྐོར་ཁག་བཞི་པའི་ཁྱིམ་སྡོད་དང་གཞིས་ཁུལ་རྒན་གསོ་ཞབས་ཞུའི་བཅོས་བསྒྱུར་ཚོད་ལྟ་སྤེལ་བའི་ཚུན་དུ། མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་རིམ་པའི་ཁྱིམ་སྡོད་དང་གཞིས་ཁུལ་རྒན་གསོ་ཞབས་ཞུའི་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་ནས། རྒན་་གསོ་ཞབས་ཞུའི་འཕེལ་རྒྱས་ཁོར་ཡུག་ལེགས་བསྒྱུར་བྱས་པ་དང་། གཞིས་ཁུལ་གྱི་སྐར་མ་བཅོ་ལྔའི་རྒན་གསོ་འཚོ་བའི་ཚོགས་པ་འཐུས་ཚང་དུ་བཏང་ལ། གྱང་ར་མེད་པའི་རྒན་གསོ་ཁང་འཛུགས་སྐྲུན་བྱས།

མཚོ་བྱང་ཁུལ་གྱིས་སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ནས་རྒན་གསོ་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་བྱ་བ་དང་། གྲོང་གསེབ་གཞིས་ཁུལ་གྱི་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་དང་རོང་འབྲོག་ཁུལ་གྱི་ནུས་མེད་ལོ་ལོན་ཚབ་སྐྱོང་ཞབས་ཞུ་སྤེལ་ནས། དྲ་ཐོག་དང་ཡུལ་དངོས་ཕན་ཚུན་མཉམ་བསྲེས་བྱེད་པ་བརྒྱུད་དེ། ཁྱིམ་ལས་བཟའ་བཏུང་དང་། གཙང་སྦྲ་བྱེད་པ་དང་ལུས་འཁྲུ་རོགས་བྱེད་པ། བདེ་ཐང་སྨན་བཅོས་དང་འགྲོ་རོགས་བྱེད་པ། ཚབ་བྱས་ནས་དངུལ་སྤྲོད་ཉོ་སྒྲུབ་བྱེད་པ་སོགས་ཀྱི་ཐོན་ཁུངས་མཉམ་བསྲེས་བྱས་པ་དང་། སྟབས་བདེ་ཕན་ལྡན་གྱི་ཟ་སྡོད་འགྲོ་གསུམ་དང་སྨན་བཅོས་སོགས་ཕྱོགས་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་དྲ་རྒྱ་གྲུབ་པར་བྱས་ལ། གྱང་ར་མེད་པའི་རྒན་གསོ་ཁང་གསར་སྐྲུན་བྱས། མཚོ་བྱང་ཁུལ་གྱིས་ལོ་ལོན་གྱི་བཟའ་བཏུང་གཡོས་སྦྱོར་བཟོ་སྐྲུན་ལག་བསྟར་བྱས་པ་དང་། ལོ་ལོན་ལ་ཟ་མ་སྐོལ་རོགས་བྱེད་རྒྱུ་དེ་ཁུལ་ཡོངས་ཀྱི་དམངས་ཚིས་དོན་དངོས་བཟོ་སྐྲུན་ཁྲོད་བཞག་ལ། གཞིས་ཁུལ་ཀྱི་རྒན་གསོ་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་རྒྱབ་རྟེན་ནས། ལོ་ལོན་གྱི་བདེ་སྐྱིད་ཟ་ཁང་བཅུ་བཞི་བཙུགས་ནས་བཀོལ་སྤྱོད་བྱས་པ་དང་། ཁོངས་གཏོགས་ས་ཆའི་ལོ་ལོན་དང་ལྷག་པར་དུ་དམིགས་བསལ་གྱི་དཀའ་ཁག་ཡོད་པའི་ལོ་ལོན་ལ་ཟ་མ་སྐོལ་རོགས་བྱེད་པ་དང་ཟ་མ་སྐྱེལ་བའི་བྱ་འགུལ་སྤེལ།

རིག་ནུས་ལུས་གསོ་ཡོ་ཆས་དང་རྒན་འཚམ་སྒྲིག་ཆས། བདེ་ཐང་ལྟ་ཞིབ་གོན་འདོགས་སྒྲིག་ཆས་སོགས་ཆ་འཕྲིན་ཅན་དང་དེང་རབས་ཅན་གྱི་སྒྲིག་ཆས་བཀོལ་སྤྱོད་མཉམ་སྤྱོད་བྱས་པ་དང་། མཚོ་བྱང་ཁུལ་གྱིས་ལོ་ལོན་ལ་ཁྱད་ཆོས་ཅན་གྱི་ཆེད་དམིགས་ཞབས་ཞུ་སྔར་ལས་མང་པོ་འདོན་སྤྲོད་བྱས་ལ། རྒྱལ་ཡོངས་ཀྱི་ཁྱིམ་སྡོད་དང་གཞིས་ཁུལ་རྒན་གསོ་ཞབས་ཞུ་ནུས་པ་མཐོར་འདེགས་གཏོང་བའི་ཚོད་ལྟ་ལས་གཞི་ཡར་ཞུ་ཐད་ནས་ལེགས་འགྲུབ་བྱུང་བ་དང་། ཀྲུང་དབྱང་གི་ཚོད་ལྟའི་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བདུན་ཁྲི་ལྔ་བརྩོན་ལེན་བྱས་ཤིང་། དཀའ་ཁག་ཆེ་བའི་ནུས་མེད་ལོ་ལོན་གྱི་ཁྱིམ་ཚང་བརྒྱ་དང་དོན་གཉིས་ལ་རྒན་འཚམ་བསྒྱུར་བཀོད་ལག་བསྟར་བྱས་པ་དང་མི་བཞི་བརྒྱ་དང་ཞེ་གཅིག་ལ་ཁྱིམ་སྡོད་སྒོ་སྐྱེལ་ཞབས་ཞུ་འདོན་སྤྲོད་བྱས། མཚོ་བྱང་ཁུལ་གྱིས་ཁྱིམ་སྡོད་སྒོ་སྐྱེལ་ཆེད་ལས་ཞབས་ཞུ་མི་སྣ་བཀོད་སྒྲིག་བྱས་ནས། ཁྱིམ་སྡོད་ལོ་ལོན་ལ་འཚོ་བའི་གཉོར་སྐྱོང་དང་ལུས་གསོ་ནད་གཡོག་སོགས་ཞབས་ཞུ་འདོན་སྤྲོད་བྱས། མིག་སྔའི་བར་དུ། མཚོ་བྱང་ཁུལ་གྱིས་བསྡོམས་པས་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་གཅིག་འབུམ་གཉིས་ཁྲི་བརྒྱད་བཏང་བ་དང་། ལོ་ལོན་སྟོང་བརྒྱད་དང་བདུན་བརྒྱ་རེ་གཅིག་ལ་ཞབས་འདེགས་ཞུས།

མཚོ་བྱང་ཁུལ་གྱིས་ད་དུང་མ་དངུལ་སྒོར་ས་ཡ་དག་བཏང་ནས་མཚོ་བྱང་ཁུལ་གྱི་རྒན་གསོ་ཞབས་ཞུ་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་ཆ་འཕྲིན་སྟེགས་བུ་བཙུགས་པ་དང་། ཁུལ་དང་རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་བཞིའི་འཁོར་རྒྱུག་བཀོལ་སྤྱོད་མ་དཔེ་སྤྱད་དེ། རིགས་མི་འདྲ་བའི་རྒན་གསོ་ཞབས་ཞུའི་ཐོན་ཁུངས་འབྲེལ་མཐུད་བྱས་པ་དང་། ལོ་ལོན་གྱི་རྨང་གཞིའི་གཞི་གྲངས་དང་ལུས་དཔྱད་བདེ་ཐང་སོགས་ཀྱི་གཞི་གྲངས་བསྡུ་རུབ་དང་བརྗེ་སྤོར་བྱས་ནས། ལོ་ལོན་གྱི་ཆ་འཕྲིན་འགུལ་རྣམ་ལ་དུས་ཐོག་ཏུ་དོ་དམ་དང་དབྱེ་ཞིབ་བྱེད་ཐུབ་པར་བྱས།

རིན་ཆེན་མཚོས་བསྒྱུར།