མདོ་དབུས་མཐོ་སྒང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གླེང་སྟེགས་སྐབས་བཞི་པ་ཟི་ལིང་དུ་བསྡུས།
2023.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་ལྔ་པའི་ཚེས་ཉེར་དྲུག་ཉིན། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་འཛིན་པ་དང་། འགོ་ཁུངས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་པ་བརྗོད་དོན་དུ་བྱས་པའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གླེང་སྟེགས་སྐབས་བཞི་པ་ཟི་ལིང་དུ་བསྡུས།

མདོ་དབུས་མཐོ་སྒང་གི་གྲུབ་ཆ་གལ་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་གཤིས་གོ་གནས་དམིགས་བསལ་ཡིན་པ་དང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ལ། སྐྱེ་ཁམས་རྩོལ་ནུས་ཧ་ཅང་གལ་ཆེ་བ་དང་། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་གལ་ཆེན་ཡིན། གླེང་སྟེགས་ཀྱིས་ཆེད་དུ་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་དང་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་གི་གླིང་གཙོ་ཧྥིན་ཆི། ཀྲུང་གོ་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་ཀྲུའུ་ལིས་ཕིང་། སི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་གླིང་གཙོ་ཧོ་ཝེ། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཧྲིན་ཡང་ཕིང་། ནུབ་བྱང་སློབ་ཆེན་རིག་གནས་ཤུལ་བཞག་སློབ་གླིང་གི་གླིང་གཙོ་ཁྲིན་ཧུང་ཧའེ། མཚོ་སྔོན་མི་རིགས་སློབ་ཆེན་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་གླིང་གཙོ་ཁྲིན་ཝུན་ལེ། ཆིན་ཧྭ་སློབ་ཆེན་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་གི་གླིང་གཙོ་དབྱང་རུའེ་བཅས་དྲ་རྒྱའི་རྣམ་པ་བརྒྱུད་དེ་གླེང་སྟེགས་ལ་ཞུགས།

གླེང་སྟེགས་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དང་མཚོ་སྔོན་མི་རིགས་སློབ་ཆེན་བཅས་དང་མཉམ་འབྲེལ་བྱས་ནས་མཉམ་དུ་བསྡུས། ཡོན་ཧྲི་དང་ཆེད་མཁས་པ། རིག་གནས་པས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཆུ་དཔྱད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡ་གླིང་ཆུ་ལྕོག་འགྱུར་ལྡོག་ཤུགས་རྐྱེན་དང་ཁ་གཏད་འཇལ་བ། རྒྱ་བཟའ་ཀོང་ཇོའི་ལོ་རྒྱུས་ཕྱིར་དྲན་དང་དུས་རབས་ཀྱི་རིན་ཐང་། མདོ་དབུས་མཐོ་སྒང་གི་འཁྱགས་ཀློང་འགྱུར་ལྡོག་དང་དེའི་ཐོན་ཁུངས་ཁོར་ཡུག་དང་སྐྱེ་ཁམས་ནུས་པ། ཀན་སུའུ་དང་མཚོ་སྔོན་ས་ཁུལ་གྱི་གནའདུས་ཀྱི་་དཔལ་ཡོན་འཕེལ་རིམ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱ་རྒྱལ་ཁབ་སྤྱི་གླིང་བཅོས་སྐྱོང་ལམ་བུ་བཏོད་པ། ཞི་ཅིན་ཕིང་གི་དཔལ་ཡོན་དགོངས་པ་མདོ་དབུས་མཐོ་སྒང་ནས་མཚོན་པའི་གནད་འགག་སོགས་ནང་དོན་ལ་དམིགས་ནས་འཆད་ཁྲིད་བྱས་པ་དང་། ཆེས་གསར་བའི་གཞུང་ལུགས་འཚོལ་ཞིབ་དང་ཞིབ་འཇུག་འགུལ་རྣམ། གྲུབ་འབྲས་མཉམ་སྤྱོད་ལ་བརྟེན་ནས་ཚན་རིག་ཞིབ་འཇུག་དང་རིག་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཆེད་མདུན་གྲལ་བསམ་བློའི་རིག་ནུས་འདེགས་སྐྱོར་འདོན་སྤྲོད་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་ཕུལ།

རིན་ཆེན་མཚོས་བསྒྱུར།