ཟླ5ཚེས30ཉིན། གཙོས་གྲོང་ཁྱེར་མཛོད་དགེ་སྟོད་མ་ཞང་ལྟེ་བའི་སློབ་ཆུང་གིས་རིག་རྩལ་འཁྲབ་སྟོན་གྱིས་དྲུག་གཅིག་བྱིས་པའི་དུས་ཆེན་བསུས།
ན་ཆུང་གཅེས་གྲོགས་ཚོའི་ཉིན་སྒུག་མཚན་སྒུག་བྱེད་ཀྱིན་པའི་ཉིན་མོ་འདིར། སློབ་གྲྭས་སློབ་སྦྱོང་དང་ཀུན་སྤྱོད་ལེགས་པའི་ལོ་རིམ་སོ་སོའི་སློབ་མ་དག་ལ་བྱ་དགའི་གཟེངས་བསྟོད་བྱས་ཤིང་། གསར་དུ་ཞུགས་པའི་ན་ཆུང་གདོང་ལེན་རུ་མི་ལ་རྟེན་འབྲེལ་དང་སློབ་གྲོགས་ཡོངས་ཀྱི་གཟུགས་གཞི་བདེ་ཐང་ཡོང་ཞིང་སློབ་སྦྱོང་ཡར་རྒྱས་ཡོང་བའི་སྨོན་འདུན་ཞུས།
སློབ་གྲོགས་ཚོ་དུས་ཆེན་ལ་དགའ་དགའ་སྤྲོ་སྤྲོ་ཡོང་ཕྱིར་དགེ་རྒན་རྣམས་ཀྱང་བྱ་འགུལ་ཁྲོད་ཞུགས་ཏེ《མངའ་རིས་སྒྲ་སྙན》དང《ས་འདི་ནས་ཕུགས་བསམ་གྱི་མྱུ་གུ་འབུས》སོགས་ཀྱི་གླུ་དང་བྲོ་ཡི་འཁྲབ་སྟོན་གྱ་ནོམ་པ་བྱས།
གཙོས་གྲོང་ཁྱེར་མཛོད་དགེ་སྟོད་མ་ཞང་ལྟེ་བའི་སློབ་ཆུང་ནི་སྤྱི་ལོ1958ལོར་གསར་དུ་བཙུགས་པ་དང་། ཐོག་མའི་མིང་ལ་བསང་ཆུ་རྫོང་དམེ་རི་སློབ་ཆུང་བཏགས། སྤྱི་ལོ1998ལོ་ནས་སློབ་གྲྭའི་ཕྱོགས་ཡོངས་ཀྱི་བདག་དམ་ཡོད་ཚད་གཙོས་གྲོང་ཁྱེར་ལ་སྤྲད་ཅིང་། མིང་ཡང་གཙོས་གྲོང་ཁྱེར་མཛོད་དགེ་སྟོད་མ་ཞང་ལྟེ་བའི་སློབ་ཆུང་དུ་བསྒྱུར།
ད་ལྟ་སློབ་གྲྭ་འདིར་དགེ་རྒན40ལྷག་དང་མཛོད་དགེའི་སྟག་མོ་དང་དུང་ཁྱུང་། སྒར་གསར་བཅས་རུ་ཆེན་གསུམ་གཙོ་བྱས་ནས་ཡོང་བའི་སློབ་མ300ལྷག་ཡོད་ཅིང་། སློབ་གྲྭས་ཐོག་མཐའ་བར་གསུམ་དུ་ཏང་གི་སློབ་གསོའི་ཁ་ཕྱོགས་རྒྱུན་འཁྱོངས་དང་ལག་བསྟར་བྱས་ནས། སློབ་ལོ་རན་པའི་བྱིས་པར་འོས་འགན་སློབ་གསོ་མྱོང་དུ་འཇུག་པ་དང་། སློབ་གྲྭ་དང་ཁྱིམ་བདག་མཉམ་འབྲེལ་གྱིས་སློབ་མའི་བདེ་ཐང་དང་ཀུན་སྤྱོད། སློབ་སྦྱོང་སོགས་ཕྱོགས་ཡོངས་ནས་སྔར་ལས་ལྷག་པའི་གྲུབ་འབྲས་བཟང་བོ་ཞིག་ལོན་པར་འབད་པ་ལྷོད་མེད་བྱེད་ཀྱིན་ཡོད། །