རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀུན་བྱམས་སྨན་བཅོས་ཁམས་གསོ་རྒན་བཀུར་ཁང་བཙུགས་ནས་ལོ་ལྔ་འགོར་བའི་མཛད་སྒོ་བསྡུས།
2023.06.04 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 46

ཟླ་དྲུག་པའི་ཚེས་གཉིས་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀུན་བྱམས་སྨན་བཅོས་ཁམས་གསོ་རྒན་བཀུར་ཁང་བཙུགས་ནས་ལོ་ལྔ་འགོར་བའི་མཛད་སྒོ་བསྡུས་ཏེ། དུས་རྒྱུན་རྒྱབ་སྐྱོར་དང་ཐུགས་ཁུར་བྱེད་པའི་མི་སྣར་བཀའ་དྲིན་ཞུ་བའི་གོ་སྐབས་དང་བསྟུན་ནས། རྒན་བཀུར་ཁང་གི་ལོ་ལོན་རྣམས་ལ་ཁོ་ཚོའི་དགའ་ཕྱོགས་དང་མཐུན་པའི་རིག་རྩལ་འཁྲབ་སྟོན་དང་འགྲན་སྡུར་སོགས་སྤེལ་ནས་ཉིན་གཅིག་གི་འཚོ་བར་དགའ་སྤྲོའི་འཛུམ་མདངས་ཤིག་བསྣན།

རྒན་བཀུར་ཁང་འདི་ནི་སྒོ་འབྱེད་རང་བཞིན་གྱི་རྒན་བཀུར་ཁང་ཞིག་རེད་ཅེས་བཤད་ཆོག་སྟེ། འདིའི་ནང་དུ་རྒྱུན་སྡོད་བྱེད་པའི་ལོ་ལོན་རྒན་པ་ཡོད་ལ། ཉིན་རྒྱུན་འགྲོ་འདུག་སྤྱོད་གསུམ་ལ་བདག་སྐྱོང་བྱེད་དགོས་པའི་ལོ་ལོན་འགའ་རེའང་ཡོད། དེས་མི་ཚད་ཕྱི་རུ་ཁང་བ་གླས་ནས་སྡོད་པའི་ལོ་ལོན་ཁེར་འདུག་དང་འཚོ་བར་དཀའ་ཁག་ཡོད་པའི་རྒན་པ། ཁྱིམ་སྡོད་ལོ་ལོན་སོགས་ཀྱང་ཡོད་པས། ཁོ་ཚོར་རོགས་བྱས་ཏེ་ཁང་རིན་སྟེར་བ་དང་། ཟ་མ་སྐྱེལ་བ། སྨན་པར་སྟོན་རོགས་དང་ནད་བཅོས་བྱེད་པའི་འགྲོ་སོང་ཡོངས་ཁས་ལེན་བྱས་ཏེ་ཕྱོགས་གང་ཅིའི་ཐད་དུ་ཞབས་འདེགས་ཞུ་བཞིན་ཡོད།

རྒན་བཀུར་ཁང་གི་འགོ་གཙོ་དབང་ཕྱུག་མཚོ་ལ་མཚོན་ན། རང་གི་ནུས་ཚོད་ཀྱིས་རྒན་པར་ཞབས་ཞུ་དང་རོགས་སྐྱོར་བྱས་ནས་ལོ་བཅུ་ཕྲག་ལྷག་འགོར་ཡོད་ཅིང་། ད་སྔ་ཁྱིམ་ཚང་བཞི་བརྒྱ་ལྷག་ལ་སོང་ནས་རྒན་གཞོན་གྱི་དཀའ་ཁག་དང་སྨན་བཅོས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། རོགས་སྐྱོར་དང་ཞབས་ཞུ་མཁོ་བའི་ལོ་ལོན་རྒན་པ་དང་དབང་བོ་སྐྱོན་ཅན་སོགས་རྒན་བཀུར་ཁང་དུ་ལེན་པ་དང་། ཡང་ན་ཞབས་ཞུ་གང་ལེགས་ཁོ་ཚོའི་སྒོ་ཁར་སྐྱེལ་བཞིན་འདུག  རྒན་བཀུར་ཁང་གི་གནས་ཚུལ་ཕྱོགས་ནས་ཁོ་མོས་བཤད་རྒྱུར།

རྒན་བཀུར་ཁང་གི་འགོ་གཙོ། དབང་ཕྱུག་མཚོ།

རྒན་བཀུར་ཁང་གི་རྒན་པ་ཡན་ཡཱ་ཆོན་ནི། ལས་འཁྱུར་ངལ་གསོ་བྱས་རྗེས་གནས་འདིར་ཡོང་ནས་རང་གི་ཡིག་གཟུགས་དགའ་ཕྱོགས་དང་འབྲལ་མེད་ངང་རྒན་བཀུར་ཁང་གི་འཚོ་བར་ལོབས་ཡོད་པ་མ་ཟད། ཁོས་ཀྱང་རང་གི་ནུས་པར་བརྟེན་ནས་རྒན་བཀུར་ཁང་ལ་རོགས་བྱེད་ཀྱིན་ཡོད།

རྒན་བཀུར་ཁང་གི་རྒན་པ། ཡན་ཡཱ་ཆོན།

རྒན་བཀུར་ཁང་འདིའི་ནང་རིགས་སོ་སོའི་ལོ་ལོན་རྣམས་འཆམ་མཐུན་གྱིས་འཚོ་བཞིན་ཡོད་ལ། ཁོ་ཚོ་ལ་འདྲ་མཉམ་གྱི་གཅེས་སྐྱོང་དང་བརྩི་བཀུར་ཐོབ་ཡོད།

རྒན་བཀུར་ཁང་གི་རྒན་པ། ཇོའུ་སྐྱབས་རྡོ་རྗེ།

རྒན་བཀུར་ཁང་གི་རྒན་པ། ཧྲིན་ཧྲོ་ཅུན།

རྗེས་ཕྱོགས། རྒན་བཀུར་ཁང་གིས་རྒན་གསོའི་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་ལོ་ལོན་ཁེར་རྐྱང་ལ་ཞབས་ཞུ་སྒྲུབ་སྟངས་ལེགས་སྒྱུར་བྱེད་པའི་ཐབས་ལམ་ཡང་དག་བཙལ་ནས། ལོ་ལོན་རྒན་པའི་བདེ་ཐང་ཐོབ་ཚོར་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་རྒྱུ་མ་ཟད། གཞི་ཁྱོན་རྒྱ་བསྐྱེད་དེ་རྒན་བཀུར་ཁང་ནས་སྨན་བཅོས་གསོ་བཅོས་བྱེད་ས་བཙུགས་ཏེ། ཁོ་ཚོའི་བདེ་ཐང་ཐད་ཀྱི་དགོས་མཁོ་སྐོང་ཅི་ཐུབ་བྱེད་པར་འབད་པ་བྱེད་རྒྱུ་དང་། ལོ་ལོན་རྒན་པ་གཉོར་སྐྱོང་གི་ཆེད་ལས་ཅན་གྱི་སློབ་མར་ལས་ཞུགས་བྱེད་སའི་རྟེན་གཞི་ཞིག་བསྐྲུན་རྩིས་འདུག

རྩོམ་སྒྲིག་པ། རིག་འཛིན་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།