ཟླ་དྲུག་པའི་ཚེས་གཉིས་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་བའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་རིགས་སོ་སོའི་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་བརྩོན་ལེན་བྱས་ཏེ་ཐོན་ལས་གཅིག་བསྡུས་ལས་གཞི་དང་མཉམ་ལས་ཁང་། ཞིང་ལས་དང་འབྲེལ་བ་ཡོད་པའི་ཁེ་ལས་སོགས་གཙོ་གཞི་རེ་གཅིག་མགྱོགས་མྱུར་སྒོས་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱས།
ཞིང་ཆེན་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་རིགས་སོ་སོའི་རྒྱུ་རྐྱེན་གཙོ་བོའི་མཐུན་སྦྱོར་འགན་སྲུང་ལ་ཏན་ཏིག་གིས་སྐུལ་འདེད་བཏང་བ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས་པར་མ་ཟད། ཞིང་ལས་དང་འབྲེལ་བ་ཡོད་པའི་ཁེ་ལས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་རོགས་སྐྱོར་བྱས། དེའི་ཁྲོད། ཀྲུང་དབྱང་ནོར་སྲིད་མ་དངུལ་སྒོར་བྱེ་བ་གསུམ་བརྩོན་ལེན་བྱས་ཏེ་བོད་ལུག་དང་ནོར་ནག་སོགས་ཀྱི་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་གསར་འཛུགས་དང་སྒོག་པ་དང་བཞོན་མ། ཚྭ་ཁའི་ལུག་བཅས་ཀྱི་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་བསྐྱར་འཛུགས་ལས་གཞི་སྤེལ།
ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཞིང་ཆེན་དང་གྲོང་ཁྱེར་རམ་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་མཉམ་འབྲེལ་ནང་རྐྱེན་བཙུགས་ཏེ་ཐིན་རིམ་པའི་མགོ་ཁྲིད་ཀྱིས་གྲོང་ཁྱེར་གཅིག་ལ་འགན་ལེན་འབྲེལ་འདྲིས་བྱེད་པ་དང་། ཐིན་ཁོངས་གཏོགས་ཀྱི་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ་བརྒྱ་དང་བཅུ་གཅིག་གིས་ཞིང་ཕྱུགས་ཁེ་ལས་དང་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བརྒྱ་དང་བཅུ་གསུམ་ལ་འགན་ལེན་འབྲེལ་འདྲིས་བྱས་ཤིང་། ཟླ་ཕྱེད་རིང་བཀོད་གཏོང་ཐེངས་གཅིག་བྱེད་པ་དང་ཟླ་རེ་རེར་གནད་དོན་གཅིག་ཐག་གཅོད་པ། དུས་ཚིགས་རེ་རེར་ལྟ་སྐུལ་ཞིབ་བཤེར་ཐེངས་གཅིག་བྱེད་པའི་བྱེད་ཐབས་བརྒྱུད་དེ་ཁེ་ལས་ཀྱི་གནད་དོན་དང་རེ་བ་རྗེས་འདེད་ཐག་གཅོད་དང་ཕྱིར་ལྡོག་བྱེད་པའི་བྱ་བ་བཟང་བོར་བསྒྲུབས།
ལྷ་མོ་ཚེ་རིང་གིས་བསྒྱུར།