མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱིས་བྱེད་ཐབས་ལྔ་སྤྱད་དེ་ཆུ་ལོག་སྔོན་འགོག་བྱ་བ་སྒྲུབ་པར་ནུས་ཤུགས་ཡོད་རྒུ་བཏོན།
2023.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་དྲུག་པའི་ཚེས་གཉིས་ཉིན། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཆུ་བེད་ཐིན་གྱིས་སྔོན་ལ་ཆུ་ལོག་སྔོན་འགོག་གི་གྲ་སྒྲིག་བྱ་བ་བསྒྲུབ་པ་དང་མངོན་མེད་ཉེན་ཁ་གྲལ་བཤེར་བྱེད་པ། སྔོན་འགོག་བྱེད་པ་བཞིའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ཆུ་མཛོད་ཀྱིས་བདེ་ལེགས་ངང་ཞོད་དུས་བརྒལ་བའི་བྱ་བ་ལེགས་པར་བསྒྲུབ་པ། ཆུ་ལོག་གིས་གནོད་འཚེ་བཟོ་བར་སྔོན་འགོག་བྱེད་པ་བཅས་བྱེད་ཐབས་ལྔ་ལེགས་པར་སྤྱོད་པར་བཀོད་སྒྲིག་བྱས་ནས་རིམ་པ་སོ་སོའི་ཆུ་བེད་པུའུ་ཡིས་མི་འདང་ས་ཁ་གསབ་དང་ཆད་སྐྱོན་གསབ་པ། ཉམས་ཞན་སར་ཤུགས་བསྣན་ནས་ཆུའི་གནོད་པ་དང་ཐན་སྐྱོན་ལ་སྔོན་འགོག་བྱེད་པའི་གྲ་སྒྲིག་བྱ་བ་ནུས་ཤུགས་ཡོད་རྒུས་བསྒྲུབས།

ཞིང་ཆེན་ཆུ་བེད་ཐིན་གྱིས་ཆུ་ལོག་གི་གནོད་པ་སྔོན་འགོག་བྱེད་པ་དང་ཆུ་མཛོད་ཀྱིས་བདེ་ལེགས་ངང་ཞོད་དུས་བརྒལ་བ། ཆུ་བེད་བཟོ་སྐྲུན་གྱིས་བདེ་ལེགས་ངང་ཞོད་དུས་བརྒལ་བ་སོགས་ཕྱོགས་དྲུག་ནས་གཙོ་གནད་ལས་འགན་གྱི་གསལ་ཁྲ་རེ་གསུམ་གཏན་ཁེལ་བྱས་པ་དང་གནད་འགག་གི་རིམ་པ་དམ་འཛིན་གང་ལེགས་བྱས། གྲོང་ཁྱེར་དང་ཁུལ་བརྒྱད་དུ་སོང་ནས་ཆུ་མཛོད་བདེ་ལེགས་ངང་འཁོར་སྐྱོད་བྱེད་པ་དང་ཆུ་བེད་འཛུགས་སྐྲུན་གྱིས་བདེ་ལེགས་ངང་ཞོད་དུས་བརྒལ་བ། ཆུ་ལོག་གི་གནོད་པ་སྔོན་འགོག་བྱེད་པ་སོགས་ཕྱོགས་བདུན་ནས་བདེ་འཇགས་ཐོན་སྐྱེད་དང་ཞོད་འགོག་གི་མངོན་མེད་ཉེན་ཁ་གྲལ་བཤེར་གྱི་ཞིབ་བཤེར་བྱ་བར་ལྟ་སྐུལ་འཛུབ་སྟོན་བྱས་པ་དང་མངོན་མེད་ཉེན་ཁ་ཉིས་བརྒྱ་དང་བཅུ་གཉིས་ཤེས་རྟོགས་བྱུང་ལ། ས་གནས་སོ་སོས་ཉེན་ཁ་མེད་པར་གཏོང་བར་ལྟ་སྐུལ་བྱས་ཏེ་ཞོད་དུས་བདེ་འཇགས་ཀྱིས་བརྒལ་བར་འགན་སྲུང་བྱས། ཀྲུང་དབྱང་ཆུ་བེད་ཀྱི་གནོད་འགོག་གནོད་སྐྱོབ་ཀྱི་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་གཉིས་བརྩོན་ལེན་བྱས་ཏེ་ཆུ་ལོག་སྔོན་འགོག་གི་བཟོ་སྐྲུན་དོན་གཉིས་སླར་གསོ་བྱེད་པའི་བྱ་བ་སྤེལ།

དེ་མིན་ཆུ་ལོག་གི་གནོད་པ་སྔོན་འགོག་བྱེད་པའི་འགན་ཁུར་མི་སྣ་ཆིག་ཁྲི་ལྔ་སྟོང་བཀོད་སྒྲིག་བྱས་ནས་དྲ་མིག་རང་བཞིན་གྱི་འགན་འཁྲིའི་མ་ལག་གྲུབ་པར་བྱས། ཆུ་ལོག་གི་གནོད་པར་མང་ཚོགས་ཀྱིས་ཚད་ལེན་བྱེད་པ་དང་མང་ཚོགས་ཀྱིས་སྔོན་འགོག་བྱེད་པའི་བྱ་བ་རྒྱུན་མཐུད་ངང་སྤེལ་ནས་མི་ཆིག་ཁྲི་བཞི་སྟོང་དྲུག་བརྒྱ་ལ་ཆུ་ལོག་སྔོན་འགོག་གི་དྲིལ་སྒྲོག་ལག་དེབ་ཉིས་ཁྲི་ཉིས་བརྒྱ་ལྷག་བགོ་འགྲེམ་བྱས། ཉེན་ཁའི་ས་ཁུལ་དུ་ཉེན་ཟོན་གྱི་བྱང་བུ་བརྒྱ་དང་རེ་བཞི་བཙུགས་པ་དང་ལམ་ཐིག་བརྗེ་སྤོར་གྱི་ལམ་བྱང་བརྒྱ་དང་རེ་བཞི། དྲིལ་སྒྲོག་ལམ་བྱང་བརྒྱ་དང་རེ་གསུམ། གསལ་འདེབས་བྱང་བུ་ཉིས་ཁྲི་ཆིག་སྟོང་བདུན་བརྒྱ་ལྷག་བྱིན་ནས་མང་ཚོགས་ཀྱི་ཉེན་ཁ་ལས་གཡོལ་བའི་རང་སྲུང་ནུས་པ་མཐོར་འདེགས་བཏང་།

མི་ཕམ་མགོན་པོས་བསྒྱུར།