ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཡོངས་དབྱར་རྩྭ་དགུན་འབུའི་ཚོགས་ཆེན་སྐབས་བཞི་བ་དང་དབྱར་རྩྭ་དགུན་འབུའི་དུས་བཟང་ཞེས་པའི་བྱ་འགུལ་དེ་ཡུས་ཧྲུའུ་རུ་སྤེལ།
2023.06.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 63

ཟླ་དྲུག་པའི་ཚེས་དྲུག་ཉིན།   མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཡོངས་དབྱར་རྩྭ་དགུན་འབུའི་ཚོགས་ཆེན་སྐབས་བཞི་བ་དང་དབྱར་རྩྭ་དགུན་འབུའི་དུས་བཟང་ཞེས་པའི་བྱ་འགུལ་དེ་ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཤེལ་དཀར་རི་སྐྱེས་དབྱར་རྩྭ་དགུན་འབུ་ཉོ་ཚོང་ཁྲོམ་ར་རུ་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་བྱ་འགུལ་གྱིས་རྒྱལ་ཁབ་སྤྱི་གླིང་དང་།  རབ་མཛེས་མཚོ་སྔོན།   བདེ་ཐང་ཀྲུང་གོ།   དབྱར་རྩྭ་དགུན་འབུ་ཞེས་པ་བརྗོད་དོན་དུ་བཟུང་ཡོད་ལ། ཞིང་ཆེན་ཕྱི་ནང་གི་ཁེ་ལས་འཐུས་ཚབ་ཉིས་བརྒྱ་ལྷག་དྲ་ཐོག་དང་ཡུལ་དངོས་ཀྱི་རྣམ་པ་བརྒྱུད་དེ་མགོ་རྩོམ་མཛད་སྒོར་ཞུགས།   དབྱར་རྩྭ་དགུན་འབུའི་དུས་བཟང་ལ་བརྟེན་ནས་རྒྱ་ཆེའི་དབྱར་རྩྭ་དགུན་འབུའི་ཁེ་ལས་དང་ཚོང་བའི་བར་སྣང་བརྙན་ངོམ་པ་དང་བརྗེ་རེས་ལ་ཤུགས་སྣོན་པ།  མཉམ་ལས་ལ་སྐུལ་སྤེལ་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཉོ་ཚོང་སྟེགས་བུ་འདོན་སྤྲོད་བྱས།   བྱ་འགུལ་སྐབས་ཀྱི་དབྱར་རྩྭ་དགུན་འབུ་ཉོ་ཚོང་གི་རིན་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་ལྔ་ལས་བརྒལ་ཏེ།  མཚོ་སྔོན་དབྱར་རྩྭ་དགུན་འབུའི་ཚོང་རྟགས་ཡག་པོར་བསྐྲུན།

ཉེ་བའི་ལོ་འགའི་རིང་ལ།  མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྔོན་དུ་འགྲོ་བ་དང་ལྗང་མདོག་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་བསྟུད་མར་ལོ་བཞི་ལ་དབྱར་རྩྭ་དགུན་འབུའི་དུས་བཟང་བྱ་འགུལ་སྤེལ་བ་དང་།   ཞིང་ཆེན་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འཚོལ་བསྡུ་དང་ལས་སྣོན།   ཕྱིར་འཚོང་བཅས་ཀྱི་ཐོན་ལས་མ་ལག་གྲུབ་པར་བྱས་པ་དང་།  ལོ་རེའི་ཐོན་ཚད་སྒོར་ཐེར་ཆེན་གཉིས་ལས་བརྒལ།  སྔོན་དཔག་བྱས་ན། ཉིས་སྟོང་ཉེར་གསུམ་ལོར་དབྱར་རྩྭ་དགུན་འབུའི་ཐོན་ལས་ཀྱིས་ངལ་རྩོལ་ཡོང་འབབ་སྒོར་ཐེར་འབུམ་གསུམ་གྱི་ཡན་མངོན་འགྱུར་བྱེད་ཐུབ་པ་དང་།   རོང་འབྲོག་མང་ཚོགས་ས་ཡ་གཅིག་དང་འབུམ་བདུན་ལྷག་གིས་དེའི་ཁྲོད་དུ་ཁེ་ཕན་རེག་ཐུབ།

                                                                                        ལྷ་མོ་ཚེ་རིང་གིས་བསྒྱུར།