ཅང་ཤེས་གྲོང་རྡལ་གྱིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་སྟོབས་ཤུགས་ཕུལ།
2023.06.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 20

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ། “རང་བྱུང་ཁམས་ཆེན་མོ་ནི་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་གཞི་རྩའི་ཆ་རྐྱེན་ཞིག་ཡིན། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱེད་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་པས། ངེས་པར་དུ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་དུ་བསྟར་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་དང་ཇུས་འགོད་བྱེད་དགོས”ཞེས་ནན་གྱིས་གསུངས་ཡོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཅང་ཤེས་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཞིར་བཟུང་ནས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཐད་བྱ་བ་རབ་དང་རིམ་པ་ཞིག་བསྒྲུབས་དང་སྒྲུབ་བཞིན་པའི་སྒང་ཡིན་ལ། དེ་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཐད་ཅང་ཤེས་གྲོང་རྡལ་མི་དམངས་སྲིད་གཞུང་གི་མགོ་གཙོ་གཞོན་པ་སྐལ་བཟང་ཚེ་རིང་གིས་བཤད།

ཅང་ཤེས་གྲོང་རྡལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ཤུགས་རྒྱག་པ། ས་གནས་ཀྱི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་མང་ཚོགས་ཡོངས་དེའི་ཁྲོད་ཞུགས་པར་སྐུལ་སློང་གང་ལེགས་བྱས་པས་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་བཅོས་སྐྱོང་དང་མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོར་འདེགས་ཐད་འགྱུར་བ་མངོན་གསལ་བྱུང་། དེའི་ཐད་ཅང་ཤེས་གྲོང་རྡལ་ཟླ་ཚང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྡོ་རྗེ་བཀྲ་ཤིས་ཀྱིས་བཤད།

སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་མི་རེ་རེའི་ཕྲག་ཏུ་བབས་པའི་འོས་འགན་ཡིན་ལ། དེ་བཞིན་མི་རེ་རེ་ནི་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་མཁན་དང་ལག་ལེན་མཁན་ཡིན་པས་དམངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོར་འདེགས་གཏོང་རྒྱུ་དང་དེའི་དོན་སྙིང་རྟོགས་པར་བྱེད་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བར་སྣང་། དེ་དང་འབྲེལ་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་སྟངས་ཐད་ཅང་ཤེས་གྲོང་རྡལ་ཟླ་ཚང་སྡེ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་པ་ཕག་མོ་དོན་འགྲུབ་ཀྱིས་བཤད།

མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན། དེ་བས་ས་གནས་འདིའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོར་འདེགས་བཏང་སྟེ་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་རང་ནུས་གང་ཡོད་ཀྱིས་སྟོབས་ཤུགས་འབུལ་བཞིན་འདུག   

                                                    

 གསར་འགོད་པ། ཨ་བརྟན་རྒྱལ།ཚེ་རིང་སྒྲོལ་མ། 

       རྟ་མགྲིན་སྐྱབས། མི་ཕམ་མགོན་པོ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།