ཞིན་ཧེ་རྫོང་བོད་སྨན་ཁང་གིས་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་བསྐངས།
2023.06.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 24

ངེད་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ཕྲེང་བསྟར་གསར་འགྱུར། དུས་རབས་གསར་བ། སྐྱོད་ལམ་གསར་བ། བྱ་གཞག་གསར་བ”ཞེས་པའི་བཅར་འདྲིའི་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་བོད་སྨན་ཁང་དུ་ཐོན་པ་ན། ཞིན་ཧེ་རྫོང་བོད་སྨན་ཁང་གི་ཡོན་ཀྲང་འབྲུག་ལྷ་ཐར་གྱིས་མི་མང་པོ་ཞིག་ལ་བོད་སྨན་ཁང་འདིའི་སྨན་བཅོས་གནས་ཚུལ་ངོ་སྤྲོད་བྱེད་བཞིན་འདུག ཁོ་ཚོར་སུ་ཡིན་གྱི་སྐད་ཆ་དྲིས་པས་དེ་ནི་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་བཅོས་མི་སྣ་སྐོར་ཞིག་ཡིན་འདུག་ཅིང་ཞིན་ཧེ་རྫོང་བོད་སྨན་ཁང་དུ་ལྟ་ཞིབ་སློབ་སྦྱོང་ལ་ཡོང་བ་རེད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ“མི་དམངས་ཀྱི་ལུས་ཁམས་བདེ་ཐང་ནི་མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན།”ཞེས་གསུངས་པ་ཇི་བཞིན་དུ་ཞིན་ཧེ་རྫོང་བོད་སྨན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེ་སྨན་བཅོས་མི་སྣའི་དཔུང་སྡེ་རྒྱ་བསྐྱེད་པ་དང་བོད་ཀྱི་གསོ་བ་རིག་པའི་དཔྱད་བཅོས་ལ་བརྟེན་ནས་ས་གནས་ཀྱི་རོང་འབྲོག་མང་ཚོགས་ལ་ཞབས་ཞུ་གང་ལེགས་སྒྲུབ་བཞིན་པའི་སྟེང་མངོན་པར་བྱས་ནས་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་ཅི་ནུས་གང་ཐུབ་ཀྱིས་སྐོང་བཞིན་འདུག དེའི་སྐོར་ནས་ཞིན་ཧེ་རྫོང་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཚེ་བརྟན་རྒྱལ་གྱིས་བཤད།

དེ་བཞིན་ཞིན་ཧེ་རྫོང་བོད་སྨན་ཁང་དུ་སྨན་བཅོས་ཚན་ཁག་མི་འདྲ་བ་མང་པོ་ཞིག་བཙུགས་ཡོད་ལ། དེའི་ཁྲོད་ཁྱད་ཆོས་མངོན་པར་གསལ་བ་ནི་མོ་ནད་ཚན་ཁག་དང་རུས་སྦྱོར་ཚན་ཁག་རེད། མོ་ནད་ཚན་ཁག་གིས་ཐུན་མོང་མ་ཡིན་པའི་ལག་ལེན་ཁྲོད་བོད་སྨན་གྱིས་མོ་ནད་ལ་གསོ་བཅོས་བྱེད་པ་ལས་གཞན་གློག་ཆས་རིགས་ཀྱིས་མོ་ནད་བརྟག་བཅོས་བྱེད་པའི་ལག་རྩལ་ཡང་ནང་འདྲེན་བྱས་ནས་བུད་མེད་རྣམས་ལ་སྨན་བཅོས་དང་ཁམས་གསོའི་ཞབས་ཞུ་བཟང་པོ་སྒྲུབ་བཞིན་འདུག་ཅིང་། རུས་སྦྱོར་ཚན་ཁག་ལ་མཚོན་ན་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་དེབ་ཆིངས་སྒྱོགས་གསུམ་གྱི་རུས་རྨ་གསོ་བའི་ལག་རྩལ་ཏེ། ཡན་ལག་ལ་རྨ་བྱུང་བའི་སྐྲངས་པ་ཤོར་བ་དང་རྨ་ཁ་ཤི་བ་འཚོ་བར་བྱེད་པ། རྣག་ཕྱིར་འདེད་པ། ཚིགས་ཤོར་བ་རང་གནས་སུ་འཛུད་པ། ཁྱད་པར་རུས་ཆག་གི་ནད་ལ་བཀོལ་སྤྱོད་ཀྱི་རིན་ཐང་གནད་དུ་སྨིན་པ་འདུག དེ་དང་འབྲེལ་ནས་ཞིན་ཧེ་རྫོང་བོད་སྨན་ཁང་གི་སྨན་པ་རྒན་པ་ཡུལ་ལྷ་ཐར་གྱིས་བཤད།

བོད་སྨན་ཁང་འདིར་ཉིན་རེ་བཞིན་ནད་པ་མང་པོ་ཞིག་ཡོད་ལ། མང་ཆེ་ཤས་ནི་རྫོང་ཁོངས་ཀྱི་མི་ཡིན་ཡང་། རྫོང་དང་ཁུལ་མི་འདྲ་བ། ཐ་ན་ཞིང་ཆེན་མི་འདྲ་བ་ནས་འདིར་ཐོན་ཏེ་སྨན་བཅོས་བྱེད་མཁན་གྱི་ནད་པའང་མི་ཉུང་བ་ཞིག་འདུག ཐུན་ཏེ་རྫོང་ནས་ཡོང་བའི་མོ་ནད་ཚན་ཁག་གི་ནད་པ་པདྨ་མཚོས་འདི་ལྟར་བཤད།

ང་ཚོས་རྒྱུས་ལོན་བྱུང་བ་ལྟར་ན། རུས་སྦྱོར་ཚན་ཁག་ཏུའང་རྒྱུན་པར་ཞག་སྡོད་བྱས་པའི་ནད་པ་མང་པོ་ཡོད་ཅིང་། ས་ཁ་ཐག་རིང་བར་མ་བལྟས་པར་ཆེད་དུ་ཞིན་ཧེ་རྫོང་བོད་སྨན་ཁང་གི་རུས་སྦྱོར་ཚན་ཁག་ཏུ་ཡོང་ནས་དཔྱད་བཅོས་བྱེད་མཁན་ཡང་རྒྱུན་པར་མཐོང་རྒྱུ་འདུག་ཟེར།  རྨ་སྟོད་རྫོང་ནས་ཡོང་བའི་ནད་པ་ཆོས་ལྡན་གྱིས་བཤད།

བོད་ཀྱི་གསོ་བ་རིག་པ་ནི་ཀྲུང་ཧྭའི་གསོ་བ་རིག་པའི་ནོར་བུའི་བང་མཛོད་ཁྲོད་ཀྱི་མཚར་སྡུག་འོད་སྟོང་འབར་བའི་གཅེས་ནོར་ཞིག་ཡིན་ལ། ནང་དོན་ཕུན་སུམ་ཚོགས་ཤིང་ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་། ཞིན་ཧེ་རྫོང་བོད་སྨན་ཁང་གིས་ས་གནས་མང་ཚོགས་ཀྱི་སྨན་བཅོས་ཀྱི་དགོས་མཁོ་དང་བསྟུན་ནས་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་དཔྱད་བཅོས་བྱེད་ཐབས་གཙོར་འཛིན་པ་དང་གཞན་པས་སྣེ་རྒྱན་ནས་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་ཡག་པོ་བསྒྲུབས་དང་སྒྲུབ་བཞིན་པ་ལགས།

གསར་འགོད་པ། ཨ་བརྟན་རྒྱལ། ཚེ་རིང་སྒྲོལ་མ།

རྟ་མགྲིན་སྐྱབས། མི་ཕམ་མགོན་པོ།

རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།