རང་ཞིང་གིས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་བྱེ་བ་ལྔ་བཏང་ནས་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་ལས་གཞི་ཆེན་པོ་དགུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས།
2023.06.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ད་ལོར་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་བྱེ་བ་ལྔ་བརྩོན་ལེན་བྱས་ནས། མང་ཚོགས་ཀྱིས་སེམས་ཁུར་དང་རེ་སྒུག་བྱེད་པའི་སྨན་བཅོས་འཕྲོད་བསྟེན་ལས་གཞི་ཆེན་པོ་དགུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས། ཞིང་ཆེན་ནང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་འདོན་སྤྲོད་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་།

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་བྲེལ་མྱུར་གསོ་རིག་སྲོག་སྐྱོབ་རྟེན་གཞི་ལག་བསྟར་བྱས་པ་དང་། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱས་ལ། མཚོ་སྔོན་ལ་རྐང་འཛུགས་པ་དང་རྒྱལ་ཡོངས་ལ་ཁ་ཕྱོགས་པ། འཛམ་གླིང་ལ་ཁྱབ་པའི་སྨན་བཅོས་དང་ཚན་རིག་ཞིབ་འཇུག སྤོ་སྒྱུར་བཅས་གཞི་གཅིག་ཅན་གྱི་སྟེགས་བུ་འཛུགས་སྐྲུན་བྱེད་པར་ཤུགས་བཏོན་ནས། སྟོབས་ཤུགས་གཅིག་བསྡུས་སྒོས་མཐོ་སྒང་གི་གསོ་རིག་ཞིབ་འཇུག་དང་མཐོ་སྒང་གི་ནད་རིགས་འགོག་བཅོས་བྱེད་པའི་མཚོ་སྔོན་གྱི་མཐོ་ས་གསར་སྐྲུན་བྱས།

ཁུལ་ཁོངས་དོ་མཉམ་སྒོས་བཀོད་སྒྲིག་བྱེད་པ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་ཡོངས་ཁེབས་ཁྱབ་ཁོངས་རྒྱ་བསྐྱེད་པ་དམིགས་འབེན་དུ་བྱས་ནས། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་བཀོད་སྒྲིག་བྱས་ཏེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་ཆེན་རིམ་པའི་ཁུལ་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་བ་དང་། མཚོ་ཤར་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པའི་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་མགོ་བརྩམས་ལ། རྨང་གཞི་སྒྲིག་ཆས་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་བཏང་བ་དང་། ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་ཞིང་། ཁུལ་ཁོངས་སྨན་བཅོས་ཀྱི་ཕྱོགས་བསྡུས་འདེགས་ཁུར་ནུས་པ་མཐོར་འདེགས་བཏང་ནས། མང་ཚོགས་ཀྱིས་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་བྱེད་པའི་དགོས་མཁོ་སྔར་ལས་བཟང་བོར་སྐོང་ཐུབ་པར་བྱས།

ཀྲུང་ལུགས་དང་ཕྱི་ལུགས་གསོ་རིགས་གཉིས་མཉམ་འཛིན་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་ལུགས་གསོ་རིག་གི་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་སྤུས་ལེགས་ཕན་མཐོའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོར་བརྩིས་ནས། སྔོན་དུ་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་བཏང་སྟེ། རྒྱལ་ཁང་ཀྱི་ཀྲུང་ཕྱི་ལུགས་ཀྱི་ཁུལ་ཁོངས་སྨན་བཅོས་ལྟེ་གནས་དང་ཀྲུང་ཕྱི་ལུགས་མཉམ་ལས་སྨན་ཁང་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་བྱས་པ་དང་། རང་ཞིང་གི་ཀྲུང་ཕྱི་ལུགས་བརྟག་བཅོས་དངོས་ཤུགས་དང་སྲོག་ཤིང་འགྲན་རྩོད་ནུས་པ་མཐོར་འདེགས་བཏང་ལ། མཐོ་སྒང་གིས་ཀྲུང་ཕྱི་ལུགས་ཀྱི་ཁྱད་ལྡན་ཚོང་རྟགས་གསར་སྐྲུན་བྱས་ནས། ཀྲུང་ཕྱི་ལུགས་གསོ་རིག་སྨན་རྫས་ཀྱི་ཕན་ཚུན་ཁ་གསབ་་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་གྲུབ་པར་བྱས།

དེ་དང་མཉམ་དུ། བུད་མེད་བྱིས་པའི་བདེ་ཐང་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་བ་དང་། མ་བུའི་བདེ་འཇགས་ཐད་ཀྱི་ལས་ལུགས་ལྔ་སྲ་བརྟན་དུ་བཏང་ལ། ལེགས་བསྒྱུར་བུ་སྐྱེས་སྲིད་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་འགན་སྲུང་བྱས་པ་དང་། ཀྲུང་དབྱང་སྔོན་རྩིས་ནང་གི་བསྟུད་འཛུགས་མ་དངུལ་སྒོར་དུང་ཕྱུར་གསུམ་བརྩོན་ལེན་བྱས་ནས། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་བུད་མེད་བྱིས་པའི་སྨན་ཁང་གཉིས་ཀྱིས་བུ་སྐྱེས་དང་བྱིས་ནད་ཚན་ཁག་གི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་འདོན་སྤྲོད་ཇེ་མང་དུ་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། ལེགས་སྐྱེས་ཐད་ཀྱི་གོ་རིམ་ཧྲིལ་བོའི་ཞབས་ཞུ་ལེགས་བསྒྱུར་བྱས་ལ། སྦྲུམ་མ་དང་བུད་མེད། བྱིས་པའི་འཆི་ཚད་ཇེ་ཉུང་དུ་བཏང་སྟེ། བུད་མེད་བྱིས་པའི་བདེ་ཐང་ཁེ་དབང་སྲུང་སྐྱོབ་བྱས།