ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྐབས་གསུམ་པའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་སྟོན་ཚོགས་འདུ་ཡིས་མཚོ་སྔོན་ལ་རྐང་འཛུགས་པ་དང་། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བ། རྒྱལ་སྤྱིར་ཁ་ཕྱོགས་པའི་གཏན་གནས་རྒྱུན་འཁྱོངས་བྱས་ཤིང་། དངོས་གཉེར་གྱིས་རྒྱལ་ཁབ་ཕྱི་ནང་གི་སྐྱེ་ཁམས་འཛུགས་སྐྲུན་གྲུབ་འབྲས་མཉམ་སྤྱོད་དཔེར་འཛིན་དང་སྐྱེ་ཁམས་ཐོན་ལས་ཀྱི་འདྲེས་སྦྱོར་འཕེལ་རྒྱས། སྐྱེ་ཁམས་ཐོན་རྫས་ཀྱི་ཉོ་ཚོང་གཅིག་འབྲེལ། སྐྱེ་ཁམས་རིན་ཐང་འཕར་བསྒྱུར་མཉམ་ལས་བཅས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་དེ་རྒྱལ་ཁབ་ཕྱི་ནང་གི་སྐྱེ་ཁམས་འཛུགས་སྐྲུན་གྱི་དཔེ་སྟོན་ས་ཁུལ་དང་སྐྱེ་ཁམས་ཐོན་ལས་གཅིག་ཏུ་འདུས་ས། སྐྱེ་ཁམས་ཐོན་རྫས་གཅིག་བསྡུས་འགྲེམ་འཚོང་བྱེད་ས་བཅས་སུ་གསར་འཛུགས་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་རྒྱུ་རེད།
སྐབས་འདིའི་སྐྱེ་ཁམས་འགྲེམ་སྟོན་ཚོགས་འདུའི་སྟེང་། རང་ཞིང་གི་ཁེ་ལས་ལྔ་བཅུ་ཡིས་གཅིག་བསྡུས་ཀྱིས་ཕུལ་བྱུང་སྐྱེ་ཁམས་ཐོན་རྫས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་དང་། ནོར་གནག་དང་བོད་ལུག ལོག་དཀར། ནས། མཐོ་སྒང་གི་ཉ། ཕང་འབྲས། གླ་སིལ། དབྱར་རྩྭ་དགུན་འབུ་སོགས་མཐོ་སྒང་གི་ཁྱད་ལྡན་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་འབྲེལ་ཡོད་ཀྱི་ཐོན་རྫས་འགྲེམ་སྟོན་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་དང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཀྱི་ཚོང་རྟགས་གཏམ་རྒྱུད་བཤད་དེ། ལྷད་མེད་སྐྱེ་ལྡན་དེ་མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་མིང་གྲགས་ཅན་དུ་འགྱུར་བར་བྱས་ནས། དག་ཞིང་མཚོ་སྔོན་གྱི་མཐོ་སྒང་སྤུས་ལེག་ཐོན་རྫས་ཀྱི་ཤུགས་རྐྱེན་མཐོར་འདེགས་བྱེད་རྒྱུ་རེད།
སྐབས་འདིའི་སྐྱེ་ཁམས་འགྲེམ་སྟོན་ཚོགས་འདུ་ནས་ད་རུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བརྗོད་དོན་ཉིན་མོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། སྐྱེ་ཁམས་བརྗོད་དོན་ལ་གཅིག་འདུས་བྱས་ཤིང་སྐྱེ་ཁམས་ཐོན་ལས་སྙིང་བོར་བཟུང་ནས། ཁུལ་ནང་ཁུལ་གྱི་རྫོང་སོ་སོའི་དྲིལ་སྒྲོག་མཚམས་སྦྱོར་དང་སྐྱེ་ཁམས་དཔེ་སྲོལ་བརྗེ་རེས་ཞིབ་བསྡུར་སོགས་ཀྱི་ཐབས་ལ་བརྟེན་ནས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ལ་སྐུལ་འདེད་བཏང་སྟེ་རྐྱེན་སྲོལ་དངོས་འབེབས་མངོན་འགྱུར་བྱེད་དགོས་ལ། སྐྱེ་ཁམས་འགྲེམ་སྟོན་ཚོགས་འདུ་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་དང་། ཁྱད་པར་དུ་ལྷད་མེད་ཐོན་སྐྱེད་བྱེད་ཐབས་ལས་བྱུང་བའི་ལྷད་མེད་སྐྱེ་ཁམས་ཐོན་རྫས་སོགས་གཅིག་བསྡུས་ཀྱིས་འཛམ་གླིང་མི་ཡི་མིག་མདུན་དུ་བསྟར་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།