རྒྱལ་ཁབ་ཀྱིས་སློབ་རོགས་དངུལ་བུན་བསྡོམས་པས་སྒོར་ཁྲག་ཁྲིག་བཞི་བཏང་ནས་སློབ་མ་བྱེ་བ་གཉིས་ལྷག་ལ་ཕན་བཏགས།
2023.06.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

གསར་འགོད་པས་སློབ་གསོ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། གཅིག་དགུ་གོ་དགུ་ལོར་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ལག་བསྟར་བྱས་པའི་ཚུན་དུ། བསྡོམས་པས་སློབ་རོགས་དངུལ་བུན་སྒོར་ཁྲག་ཁྲིག་བཞི་ལྷག་བཏང་ནས། ཁྱིམ་ཚང་གི་དཔལ་འབྱོར་ཐད་ནས་དཀའ་ཁག་ཡོད་པའི་སློབ་མ་བྱེ་བ་གཉིས་ལྷག་ལ་རོགས་སྐྱོར་བྱས། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ལག་བསྟར་བྱས་པའི་ཚུན་དུ། དངུལ་བུན་གྱི་གྲངས་ཚད་རྒྱུན་མ་ཆད་པར་ཇེ་མཐོར་སོང་བ་དང་། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སྤྱིར་བཏང་གི་དངོས་གཞི་དང་ཆེད་སྦྱོང་སློབ་མའི་ཆེས་མཐོ་བའི་དངུལ་བུན་གྱི་གྲངས་ཚད་དེ་ལོ་རེར་སྒོར་ཁྲི་གཅིག་དང་སྟོང་གཉིས་སུ་ཇེ་མཐོར་སོང་བ་དང་། ཞིབ་འཇུག་སློབ་མའི་དངུལ་བུན་གྱི་གྲངས་ཚད་མི་རེར་ལོ་རེར་ཁྲི་གཅིག་དང་སྟོང་དྲུག་ལ་ཇེ་མཐོར་སོང་། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་དུས་ཡུན་ལོ་བཅོ་ལྔར་ཇེ་རིང་དུ་བཏང་བ་དང་། ཆེས་རིང་བོ་ལོ་ཉེར་གཉིས་རེད། དངུལ་བུན་གྱི་ཁྱབ་ཁོངས་རྒྱུན་མ་ཆད་པར་རྒྱ་བསྐྱེད་པ་དང་། སློབ་རོགས་དངུལ་བུན་དེ་མཐོ་རིམ་སློབ་གླིང་དང་ཚན་རིག་ཞིབ་འཇུག་གླིང་། ཏང་གི་སློབ་གྲྭ། སྲིད་འཛིན་སློབ་གླིང་། རྩིས་གཉེར་སློབ་གླིང་སོགས་སྐྱེད་སྲིང་སྡེ་ཁག་ཡོངས་སུ་ཁེབས་པར་བྱས་ཡོད་ལ། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སྤྱིར་བཏང་གི་དངོས་གཞི་དང་ཆེད་སྦྱོང་སློབ་མ་དང་ཞིབ་འཇུག་སློབ་མ། གྲ་སྒྲིག་སློབ་མའི་སྟེང་ཡོངས་སུ་ཁེབས་པར་བྱས་ཡོད། 2022ལོར། རྒྱལ་ཁབ་ཀྱིས་སློབ་རོགས་དངུལ་བུན་གྱི་སྐྱེད་ཀ་མེད་པར་བྱེད་པ་དང་མ་རྩ་འཇལ་སྤྲོད་ཀྱི་དུས་ཚོད་ཇེ་རིང་དུ་གཏོང་བའི་སྲིད་ཇུས་ཕྱིར་བཏོན་པ་དང་། ད་ལོར་རྒྱུན་མཐུད་ངང་སྲིད་ཇུས་དེ་ལག་བསྟར་བྱས་ནས། སྔོན་རྩིས་ལྟར་ན་མཐོ་རིམ་སློབ་གླིང་གི་མཐར་ཕྱིན་སློབ་མ་ས་ཡ་བཞི་ལ་ཕན་འདོགས་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།