ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་སྟོན་ཚོགས་འདུ་སྐབས་གསུམ་པའི་མཚོ་བྱང་ཁུལ་གྱི་བརྗོད་དོན་ཉིན་མོའི་ཆེད་དམིགས་བྱ་འགུལ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་སྤེལ་བ་དང་། དེའི་དམིགས་ཡུལ་ནི་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་མཉམ་ལས་ལ་ཤུགས་སྣོན་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གཉིས་ཕན་མཉམ་རྒྱལ་ཡོང་བ་བཅས་གཙོ་སྙིང་དུ་བཟུང་ཡོད།
ཉེ་བའི་ལོ་འདི་འགར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ཏེ། ཁུལ་ཡོངས་ཀྱི་ནུས་ཤུགས་བསྡུས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་པར་འཕེལ་རིམ་གསར་བ་དང་། གྲུབ་འབྲས་གསར་བ་བླངས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་མ། འཁྱག་དར་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། མདོ་ལ་རི་བོ་དང་། མཚོ་སྔོན་པོ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཉམས་གསོ་བྱ་བར་གཅིག་འདོམས་བྱས་པ་དང་། མུ་རི་གཏེར་ཁུལ་སྤྱང་ཚང་གཏེར་ཁྲོན་དང་པོ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ལོ་གསུམ་གྱི་འགུལ་སྐྱོད་ལ་སྐུལ་འདེད་ནན་མོ་བཏང་བ་ནས། སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་དང་། གདོད་མའི་རང་བཞིན། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོབ་ནུས་ལྡན་བྱས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྙན་ཞུ་མཐུན་སྦྱོར་དམ་འཛིན་བྱས་ཏེ། རྩེ་རིམ་ཇུས་འགོད་དང་ལམ་སྲོལ་རྐྱེན་སྲོལ། ཐོན་ཁུངས་སྲུང་སྐྱོབ། སྐྱེ་ཁམས་བཅོས་སྐྱོང་། སྤྱི་ཕན་དོ་སྲུང་སོགས་ཀྱི་ཕྱོགས་ལ་ཕན་འབྲས་ལྡན་པའི་འཚོལ་ཞིབ་བྱས། ཁུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་རྒྱུ་གཙོ་གཞི་རུ་བྱས་ཏེ། ཡུལ་སྐོར་ལམ་ཐིག་ཆེན་མོའི་ནང་ཧུར་ཐག་གིས་ཞུགས་པས། 2022ལོར་ཡུལ་སྐོར་ཡོང་འབབ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་དྲུག་དང་བྱེ་བ་བཞི་ས་ཡ་བདུན་མངོན་འགྱུར་བྱུང་། ནོར་གནག་དང་། བོད་ལུག ནས། ལོག་དཀར། གཟན་རྩྭ་བཅས་གཙོ་ཁྲིད་ཐོན་ལས་ལྔ་ལ་བརྟེན་ནས། ནུས་ཤུགས་ཡོད་དགུས་ཕྱུགས་རྒྱུད་ལེགས་སྒྱུར་དང་རྩྭ་ཕྱུགས་མཉམ་འགུལ། ཁྱད་ལྡན་སྣེ་ཁྲིད། སྤུས་ལེགས་ཚོང་རྟགས་བསྐྲུན་པ་བཅས་ལ་སྐུལ་འདེད་བཏང་བས། ན་ནིང་ཞིང་ཕྱུགས་ལས་ཀྱི་ཐོན་ལས་རིན་ཐང་སྒོར་ཐེར་འབུམ་བཞི་དུང་ཕྱུར་ལྔ་དང་ས་ཡ་ལྔ་མངོན་འགྱུར་བྱུང་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆའི་སྣེ་ཁྲིད་ས་ཁུལ་བསྐྲུན་པར་གྲུབ་འབྲས་ཅུང་བཟང་པོ་བླངས།
མཚོ་བྱང་ཁུལ་གྱི་ཐེངས་འདིའི་འགྲེམ་སྟོན་ཚོགས་འདུ་གོ་སྐབས་སུ་བརྩིས་ཏེ། སྔར་ལས་སྒོ་འབྱེད་དང་ཁོང་ཡངས་ཀྱི་རྣམ་འགྱུར་གྱིས། ཕྱོགས་སོ་སོའི་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ནས། བཅོས་སྒྱུར་སྒོ་འབྱེད་མུ་མཐུད་གཏིང་ཟབ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས། མཚོ་བྱང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསརཔ་ལེན་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
ཡུལ་དངོས་སུ་མཚོ་བྱང་གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། མིན་ཡོན་དང་མདོ་ལ། རྐང་ཚ། མདའ་བཞི་སོགས་རྫོང་བཞིས་རིམ་པ་བཞིན་བརྗོད་བྱ་གཙོ་བོ་མཚམས་སྦྱོར་བྱས་ལ། དུས་མཉམ་དུ་གཟུགས་འདས་འགྲེམ་སྟོན་དང་བོད་ལུགས་ས་གདན་འགྲེམ་སྟོན་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།