ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། གསར་འགོད་པས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་དོ་སྲུང་བྱེད་ནུས་འཛུགས་སྐྲུན་ལ་བརྟན་འཇགས་སྒོས་སྐུལ་འདེད་བཏང་བ་དང་། ཀན་སུའུ་ཁུལ་ཁོངས་དང་མཉམ་དུ་སྤྱི་གླིང་འཛུགས་པའི་གྲ་སྒྲིག་ལས་འགན་སོ་སོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་དྲིལ་སྒྲོག་འགྲེམ་སྟོན་ཤུགས་ཚད་ཆེ་རུ་བཏང་ལ། སྐྱེ་ཁམས་དོ་སྲུང་དང་ཚན་ཞིབ་ལྟ་ཞིབ། རང་བྱུང་སློབ་གསོ། སྐྱེ་ཁམས་རིག་གནས་སོགས་ཕྱོགས་ཀྱི་བྱ་བའི་ཆུ་ཚད་མཐོར་འདེགས་བཏང་སྟེ་སྤྱི་གླིང་འཛུགས་པའི་བྱ་བར་རྨང་གཞི་བརྟན་པོ་བཏིངས།
སྤྱི་གླིང་འཛུགས་པའི་ཇུས་གཞི་སོགས་ལག་རྩལ་འདེགས་སྐྱོར་རྒྱུ་ཆ་བརྒྱད་ཡོངས་འགྲུབ་བྱས་པའི་རྨང་གཞིའི་སྟེང་། འབྲེལ་ཡོད་སྡེ་ཁག་དང་ས་གནས་སྲིད་གཞུང་དང་སྦྲེལ་མཐུད་བཟང་བོ་བྱས་ཏེ་ཆུ་གློག་ཆུང་བའི་ཐག་གཅོད་ལེགས་བཅོས་སོགས་ཐད་ཀྱི་གནད་དོན་ཐག་གཅོད་བྱ་བར་མཐུན་སྦྱོར་སྒོས་སྐུལ་འདེད་བཏང་། ཉིས་སྟོང་ཉེར་གསུམ་ལོའི་ཕྱོགས་བསྡུས་ཁྲིམས་བསྟར་ཆེད་དོན་འགུལ་སྐྱོད་ཕྱོགས་ཡོངས་ནས་འགོ་བརྩམས་པ་དང་། མིག་སྔར་ཁུལ་དང་རྫོང་གི་སྡེ་ཁག་གིས་འབྲེལ་ཡོད་ཁྲིམས་བསྟར་ལས་འགན་ཡོངས་འགྲུབ་བྱས་ཡོད། མདོ་ལ་རི་བོའི་ས་ཁུལ་གྱི་རིགས་བདུན་གྱི་སྲུང་སྐྱོབ་ས་ཁུལ་སོ་བརྒྱད་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཚོགས་པའི་གསར་སྐྲུན་མནའ་འབྲེལ་བཙུགས་པ་དང་། མནའ་འབྲེལ་མཉམ་སྒྲུབ་སྲུང་སྐྱོབ་དོ་དམ་གྲོས་མཐུན་བཀོད་དེ་ཁུལ་ཁོངས་རང་བཞིན་གྱི་སྲུང་སྐྱོབ་ཁུལ་ཕན་ཚུན་མཉམ་འདྲེས་དང་སྲུང་སྐྱོབ་ཆེན་མོའི་བྱ་བའི་རྣམ་པ་མཉམ་འཛུགས་བྱེད་པར་སྐུལ་འདེད་བཏང་།
ལྷ་མོ་ཚེ་རིང་གིས་བསྒྱུར།