ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན། རང་བྱུང་ཁམས་དང་ཉེ་བར་བཅར་ནས་རང་བྱུང་ཁམས་ལ་ལྟ་ཞིབ་བྱེད། རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་གྱི་རང་བྱུང་ལྟ་ཞིབ་དུས་ཆེན་སྐབས་གཉིས་པ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་སྤེལ་མགོ་བརྩམས། ཞིང་ཆེན་ཕྱི་ནང་ནས་ཡོང་བའི་རྩོམ་རིག་ལས་རིགས་དང་། བརྙན་ལེན་པའི་སྡེ། ཡིག་གཟུགས་རི་མོ་བ་སོགས་སྤྱི་ཚོགས་ལས་རིགས་སོ་སོའི་མིང་གྲགས་ཅན་གྱི་སྒྱུ་རྩལ་མཁས་ཅན་དང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་བཅས་ཐོན་ཡོད།
ཐེངས་འདིའི་བྱ་འགུལ་ནི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བའི་གལ་ཆེའི་དུས་སྐབས་སུ་སྤེལ་བ་ཡིན་ལ། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་རིག་གནས་ལག་ལེན་གྱི་བྱ་འགུལ་ཞིག་ཡིན་པས། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ལག་བསྟར་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་བསྐྲུན་པའི་གསོན་ཉམས་ལྡན་པའི་ལག་ལེན་ལ་འགྲེལ་བཤད་བྱས་ཡོད།
མདོ་ལ་རི་བོར་མི་གཞུང་རིག་གནས་དང་། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས། རང་བྱུང་ལྟ་ཞིབ་དང་རང་བྱུང་སློབ་གསོ། སྐྱེ་ཁམས་ཉམས་ལེན་སོགས་ཀྱི་བྱ་འགུལ་སྤེལ་བར་གཞན་ལས་ཁྱད་འཕགས་ཀྱི་རང་བྱུང་ཆ་རྐྱེན་ལྡན། ཉེ་བའི་ལོ་འདི་འགར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རི་ཆུ་ནགས་ཞིང་དང་། མཚེའུ། རྩྭ་ས། བྱེ་དར་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས། སྐྱེ་ཁམས་དང་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་ཟབ་མོ་བཏང་། རང་བྱུང་སློབ་གསོ་དང་། རང་བྱུང་ལྟ་ཞིབ། གླུ་གཞས་འཚོལ་སྡུད་དང་བརྟག་དཔྱད། ཚན་རིག་ཤེས་བྱ་ཁྱབ་གདལ་དྲིལ་སྒྲོག་སློབ་གསོ་སོགས་རིགས་སོ་སོའི་བརྗོད་གཞིའི་ལག་ལེན་བྱ་འགུལ་སྤེལ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་རང་བྱུང་ལྟ་ཞིབ་དུས་ཆེན་སྤེལ་བ་ནི་མཉམ་འཛུགས་མཉམ་སྤྱོད་ཀྱི་རྒྱུ་ལམ་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གི་ངོས་འཛིན་འདུ་ཤེས་མཐོ་རུ་གཏོང་བ། སྐྱེ་ཁམས་ཉམས་ལེན་དང་སྤུས་ལེགས་ཐོན་རྫས་འདོན་སྤྲོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད།
རིག་འཛིན་སྒྲོལ་མས་བསྒྱུར།