ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་རང་བྱུང་རྩོམ་རིག་མཐུན་ཚོགས་འཛུགས་པའི་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་རྩོམ་རིག་མཐུན་ཚོགས་དངོས་སུ་བཙུགས་པ་མཚོན།
མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། ཞིང་ཆེན་ནང་ཁུལ་གྱི་རང་བྱུང་རྩོམ་རིག་གསར་རྩོམ་ཐད་རྣམ་པ་གསར་པ་མངོན་ཡོད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་ཕུན་སུམ་ཚོགས་པའི་གྲུབ་འབྲས་མཚོན་པའི་ཕུལ་བྱུང་བརྩམས་ཆོས་མང་པོ་གཅིག་རྗེས་གཉིས་མཐུད་ངང་ཐོན་བཞིན་ཡོད།
ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྒྱབ་ལྗོངས་འོག་ཏུ། མཚོ་སྔོན་ཞིང་ཆེན་རང་བྱུང་རྩོམ་རིག་མཐུན་ཚོགས་བཙུགས་པ་དེས་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་བྱེད་པ་དང་རང་བྱུང་རྩོམ་རིག་གསར་རྩོམ་གྱི་གཡུལ་ས་བསྐྲུན་པ། རང་བྱུང་རྩོམ་རིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་གྱི་སྐྱེ་ཁམས་རིན་ཐང་དང་སྐྱེ་ཁམས་རིག་གནས་སྤུས་ཚད་མངོན་པར་བྱེད་པ་བཅས་བྱས་ཏེ་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ཐད་སྟོབས་ཤུགས་འབུལ་བར་རོགས་འདེགས་བྱེད་དགོས།
མཚོ་སྔོན་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་གྱིས་བསྟན་དོན། རྩོམ་པ་པོ་རྣམས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་ཕུགས་བསམ་དང་བརྩེ་བ་བསྲུང་ནས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྒྱུད་སྒྲོག་བྱས་ཏེ་སྐྱེ་ཁམས་སྤྱོད་བཟང་གསོ་སྐྱོང་དང་སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་རྒྱུ་ནི་རེ་བ་ཡིན། དེར་མ་ཟད། བརྩམས་ཆོས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་མང་པོ་རྩོམ་རྒྱུ་དེ་རང་གི་འགན་འཁྲི་དང་རེ་སྙེག་ཏུ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རླབས་ཆེན་ལག་ལེན་འབྲི་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་བཤད་དགོས་པར་མ་ཟད། མདོ་དབུས་མཐོ་སྒང་གི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་། རང་བྱུང་སྐྱེ་ཁམས་མཛེས་པ་དང་སྤྱི་ཚོགས་ཁྱིམ་གཞིས་མཛེས་པ། མི་གཤིས་བསམ་བློ་མཛེས་པའི་འཆམ་མཐུན་གྱི་རྣམ་པ་འབྲི་བཞེངས་བྱེད་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།