མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་སྤྱི་ཕན་ཞུ་གཏུག་སྐོར་ཞིབ་ཞིབ་དཔྱོད་བྱ་བ་གཏིང་ཟབ་ཏུ་སྤེལ།
2023.06.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་ཞིང་ཆེན་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཅུའུ། མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་བཅས་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་དང་སྤྱི་ཐུན་ཁེ་ཕན་འཐུབ་ཚབ་སྲིད་འཛིན་ཁྲིམས་བསྟར་དང་སྤྱི་ཕན་ཁྲིམས་འཛིན་མཉམ་ལས་རྐྱེན་སྲོལ་འཛུགས་པའི་སྐོར་གྱི་གྲོས་གཞིར་མིང་རྟགས་ལྷན་འགོད་བྱས། ཞིབ་དཔྱད་ལས་ཁུངས་དང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་བྱ་བའི་མཉམ་ཤུགས་གཅིག་ཏུ་བསྡུ་བ་བརྒྱུད་དེ། སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་སྤྱི་ཕན་ཞུ་གཏུག་སྐོར་ཞིབ་ཞིབ་དཔྱོད་བྱ་བ་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་རོགས་འདེགས་བྱས།

གྲོས་གཞིའི་ནང་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྲིད་འཛིན་གཙོ་གཉེར་སྡེ་ཁག་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་དུ་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་སྤྱི་ཕན་ཞུ་གཏུག་སྐོར་ཞིབ་ཞིབ་དཔྱོད་སྤེལ་བ། སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན། སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་བྱ་བའི་བར་གྱི་སྦྲེལ་མཐུད་ཇེ་དྲག་ཏུ་གཏོང་བ། མཉམ་ལས་མཉམ་འབྲེལ་ལ་ཤུགས་སྣོན་པ། ཉིན་རྒྱུན་གྱི་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་ཆུ་སྐྱོང་ཆུ་གསོ་དང་ཆུ་བཅོས་ཆུ་བཀོལ། ཆུ་དར་ཆུ་སྤེལ། ཆུ་གཅེས་ཆུ་སྲུང་བཅས་ཀྱི་ཕྲེང་འབྲེལ་ཧྲིལ་བོའི་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་མི་སྣའི་མ་ལག་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱས་ནས། མི་ཆུ་གཉིས་འཆམ་མཐུན་མཉམ་གནས་བྱེད་པའི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་རྣམ་པ་གྲུབ་པར་བྱེད་དགོས།

གྲོས་གཞིའི་ནང་། ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་དང་། ཁྲིམས་འཛིན་གྱོད་སྒྲུབ་ལ་ཤུགས་སྣོན་པ། འབྲི་ཆུ་དང་རྨ་ཆུ། རྫ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་ཆུ་རྒྱུན་གཙོ་བོར་དམིགས་ནས། ཁྲིམས་དང་འགལ་ནས་བཟོ་ལས་ཐད་ཀྱི་བཙོག་ཆུ་དང་ཞིང་སའི་བཙོག་ཆུ་ཕྱིར་འདོན་པ་དང་། འཚོ་བའི་གད་སྙིགས་དང་སྒོ་ཕྱུགས་ཀྱི་བཤང་གཅི་རང་དགར་དུ་བསྐྱུརནས་ཆུ་བཙོག་བཟོ་བྱས་པའི་ཉེས་དོན་གྱོད་གཞི་དང་སྤྱི་ཕན་ཞུ་གཏུག་གྱོད་གཞི་ཁྲིམས་ལྟར་བསྒྲུབ་པ་དང་། ཁྲིམས་འགལ་བརྐོ་སྔོག་དང་ཁྲིམས་དང་འགལ་ནས་ནགས་ས་སྒེར་བཟུང་བྱེད་པ། ནགས་ཚལ་ཐོན་ཁུངས་ལ་གཏོར་བརླག་བྱེད་པ། རི་སྐྱེས་རི་དྭགས་འཛིན་བཟུང་བྱེད་པ་སོགས་ཁོར་ཡུག་ཐོན་ཁུངས་ཐད་ཀྱི་ཉེས་བྱས་ལ་རྡུང་རྡེག་ནན་མོ་བྱེད་རྒྱུའི་རེ་བ་བཏོན་ཡོད།