སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་དག་ཐེར་ལེགས་བཅོས་བྱེད་པའི་ཉིས་སྟོང་ཉེར་གསུམ་ལོའི་འགུལ་སྐྱོད་དང་ཁེ་ལས་ལ་རོགས་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་གཉིས་སྤུད་ཚད་མཐོན་པོས་སྤེལ་བར་སྐུལ་འདེད་གཏོང་ཆེད། ཉེ་ལམ། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ཀྲུང་གོ་ཧ་ཡང་ལས་རིགས་མཚོ་སྔོན་ཡན་ལག་ཀུང་ཟི་རུ་སོང་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱེད་པའི་མཛུབ་སྟོན་ཞབས་ཞུ་དང་ཆེད་དོན་འགུལ་སྐྱོད་ཀྱི་ལྟ་སྐུལ་ཞིབ་བཤེར་སོགས་བྱ་འགུལ་སྤེལ་ནས་ཁེ་ལས་རོགས་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
མཛུབ་སྟོན་ཚན་ཆུང་གིས་ཡུལ་དངོས་སུ་ཁེ་ལས་ཀྱི་ཁྱབ་ཁོངས་གཙོ་བོའི་ཉེན་ཁའི་དོ་དམ་ཚོད་འཛིན་དང་བདེ་འཇགས་དོ་དམ་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་སྙན་ཞུར་ཉན་པར་མ་ཟད། གནས་པའི་གནད་དོན་ཡུལ་དངོས་ནས་ཕྱིར་ལྡོག་བྱས་ཤིང་། ཁེ་ལས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ཐག་གཅོད་ཚད་གཞི་སོགས་ཐད་ནས་ཁེ་ལས་དང་བརྗེ་རེས་ཟབ་མོ་བྱས།
མཛུབ་སྟོན་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་ཁེ་ལས་ནི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཡིན་པ་དང་། བདེ་འཇགས་ཐོན་སྐྱེད་ནི་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱེད་པའི་མཚོན་ཚུལ་གལ་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་ནན་མོ་དང་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བཟང་བོ་བྱེད་པ། བདེ་འཇགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ། མ་དངུལ་དང་འཇོན་མི། དོ་དམ་སོགས་ཐད་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཐད་སྟོབས་ཤུགས་འབུལ་དགོས། བདེ་འཇགས་ཐོན་སྐྱེད་གོ་གནས་དང་པོར་བཞག་སྟེ་བསམ་བློ་ངོས་འཛིན་དང་མི་སྣ་ཡོངས་ཀྱི་འགན་འཁྲི། ལམ་ལུགས་དོན་འཁྱོལ། སློབ་གསོ་གསོ་སྦྱོང་། ཉེན་ཁ་ཞིབ་བཤེར་བཅོས་སྐྱོང་སོགས་གནད་འཁེལ་ཡོང་བར་བྱེད་དགོས་པ་དང་། རིམ་པ་རེ་རེ་བཞིན་བདེ་འཇགས་ཐོན་སྐྱེད་འགན་འཁྲི་ཇེ་དམ་ཏུ་གཏོང་བ་དང་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཞིབ་བཤེར་བཅོས་སྐྱོང་བྱས་ཏེ་དོན་རྐྱེན་འབྱུང་བར་སྔོན་འགོག་ནན་མོ་བྱེད་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།