ཞིང་ཆེན་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭ་ཐོག་མ་ཧུའུ་ཀྲུའུ་རུ་བཙུགས།
2023.06.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཉེ་ལམ།  ཞིང་ཆེན་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭ་ཐོག་མ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་བཙུགས་པ་དང་།  དེས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བ་རྣམས་ལ་རྩལ་ནུས་གསོ་སྦྱོང་བྱེད་ནུས་འདོན་སྤྲོད་བྱེད་པ་དང་།    ཞིང་ཆེན་ཡོངས་སུ་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭ་མེད་པའི་སྟོང་ཆ་སྐོང་བ།   ཞིང་ལས་འཕྲུལ་ཆས་ཀྱི་བདེ་འཇགས་ཐོན་སྐྱེད་ཆུ་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་ཀྱི་བྱེད་ནུས་འདོན་ཐུབ།

ཞིང་ཆེན་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭས་འདྲུད་འཐེན་འཁོར་ལོ་དང་མཉམ་འབྲེལ་རྔ་སྡུད་འཕྲུལ་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་འཛིན་ཡིག་གི་དོ་དམ་གཏན་འབེབས་སོགས་བླང་བྱར་དམིགས་ཏེ་གཞུང་ལུགས་སློབ་ཁྲིད་དང་ཁ་ལོ་བའི་ལག་ལེན་གསོ་སྦྱོང་སྤེལ་ནས་རྒྱུགས་འབྲས་བཟང་བའི་སློབ་མ་རྣམས་ལ་འདྲུད་འཐེན་འཁོར་ལོ་དང་མཉམ་འབྲེལ་རྔ་སྡུད་འཕྲུལ་འཁོར་གྱི་ཁ་ལོ་བའི་འཛིན་ཡིག་སྟེར་རྒྱུ་ཡིན་པ་དང་།  སྔོན་དཔག་བྱས་ན་ལོ་རེར་སློབ་མ་བཞི་བརྒྱ་ལྷག་ལ་གསོ་སྦྱོང་བྱེད་ཐུབ།

ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭ་བཙུགས་པ་དེས་ཧུའུ་ཀྲུའུ་རྫོང་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བའི་གསོ་སྦྱོང་རྒྱུགས་ལེན་ཚད་ལྡན་དུ་གཏོང་བ་དང་།   ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བར་འཛིན་ཡིག་ཡོད་ཚད་ཇེ་མཐོར་གཏོང་བ།  དེ་མིན་འགོ་ཁུངས་ནས་ཞིང་ལས་འཕྲུལ་ཆས་ཀྱི་དོན་རྐྱེན་སྔོན་འགོག་བྱེད་ཐུབ།

                                                                                                        ལྷ་མོ་ཚེ་རིང་གིས་བསྒྱུར།