རྒྱལ་ཡོངས་ས་ཞིང་ཉིན་མོའི་མཚོ་སྔོན་གྱི་ཚོགས་ར་གཙོ་བོའི་དྲིལ་སྒྲོག་བྱ་འགུལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྤེལ།
2023.06.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན།  ས་ཞིང་གྲོན་ཆུང་ཞིབ་གཉེར་བྱས་ཏེ་རྨོ་ཞིང་དམར་ཐིག་བརྟན་སྲུང་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་རྒྱལ་ཡོངས་ས་ཞིང་ཉིན་མོའི་མཚོ་སྔོན་གྱི་ཚོགས་ར་གཙོ་བོའི་དྲིལ་སྒྲོག་བྱ་འགུལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྤེལ།

རྒྱལ་ཡོངས་ས་ཞིང་ཉིན་མོའི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱི་ཚད་མཐའི་བསམ་ཕྱོགས་དང་ཁྲིམས་སྐྱོང་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བར་ཁྲིད་སྟོན་བྱེད་པ་དང་།    སྤྱི་ཚོགས་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོབ་དང་།  གྲོན་ཆུང་ཞིབ་གཉེར་དང་ཁྲིམས་སྲོལ་ལྟར་ས་ཞིང་བཀོལ་བའི་འདུ་ཤེས་མཐོར་འདེགས་གཏོང་བ།   ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་བཞིའི་ཕོར་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པའི་ནུས་པ་དང་འོས་འགན་ཡོད་པའི་ཡིད་ཆེས་དང་ཆོད་སེམས་བརྒྱུད་སྒྲོག་བྱེད་པ།   ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་།  དེ་མིན་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ་གོང་འོག་མཐུན་སྦྱོར་དང་ཕྱོགས་སོ་སོས་འབད་འཐབ།   མི་རེ་རེས་འགན་སྒྲུབ་ནན་མོ་བྱས་ཏེ་རྨོ་ཞིང་སྲུང་སྐྱོབ་དང་ས་ཞིང་གྲོན་ཆུང་ཞིབ་གཉེར་བྱེད་པའི་རྣམ་པ་བཟང་བོ་གྲུབ་པར་བྱེད་རྒྱུ་དེ་ཡིན།

ཁྲི་ཀ་རྫོང་གིས་རྨོ་ཞིང་དམར་ཐིག་བརྟན་སྲུང་དང་ས་ཞིང་ཞིང་མིན་ཅན་དང་འབྲུ་མིན་ཅན་དུ་འགྱུར་བར་བློ་བརྟན་འགྱུར་མེད་སྒོས་བཀག་འགོག་བྱས་ཏེ་ས་ཞིང་མུའུ་ཁྲི་བདུན་ལྷག་གི་བཅོས་སྐྱོང་ཡོངས་འགྲུབ་བྱས་པ་དང་།   རྨོ་ཞིང་སྤུས་ཚད་མཐོར་འདེགས་བཟོ་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཚད་གཞི་མཐོ་བའི་ཞིང་ས་མུའུ་འབུམ་གཅིག་དང་ཁྲི་བདུན་བསྐྲུན་པར་མ་ཟད།    རྨོ་ཞིང་གི་སྤུད་ཚད་རྒྱུན་མཐུད་ངང་མཐོར་འདེགས་བཏང་སྟེ་འབྲུ་རིགས་ཐོན་ཚད་བསྟུད་མར་ལོ་བཅུ་གཅིག་ལ་ཏུན་ཁྲི་གསུམ་གྱི་ཡན་སྲུང་འཛིན་བྱས། ཞིང་སྡེ་རུ་རྨོ་ཞིང་གང་འདོད་དུ་སྤྱད་དེ་ཁང་བ་ལས་པའི་ཞིབ་བཤེར་བཅོས་སྐྱོང་སོགས་བྱ་བ་ཤུགས་ཆེན་པོས་སྤེལ་ཏེ།   ཞིང་འདེབས་མཁན་ཡོད་པ་དང་ཞིང་སར་དོ་དམ་བྱེད་མཁན་ཡོད་པ།   འགན་ཁུར་མཁན་ཡོད་པ་བཅས་རིམ་བཞིན་མངོན་འགྱུར་བྱས་ནས་རྨོ་ཞིང་སྲུང་སྐྱོབ་ཐད་གྲུབ་འབྲས་མངོན་གསལ་ཐོབ་པ་དང་།  རྫོང་ཁོངས་ཀྱི་ས་ཞིང་ཐོན་ཁུངས་སྲུང་སྐྱོབ་ལ་ཕན་འབྲས་ཆེན་པོ་ཐོབ།

ཉེ་བའི་ལོ་འགའི་རིང་ལ།   མཚོ་སྔོན་གྱིས་ཡུན་རིང་གི་བྱེད་ཐབས་ནན་མོ་སྤྱད་དེ་ཆེས་གཟབ་ནན་གྱི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་དོན་འཁྱོལ་བྱེད་དགོས་པའི་མཛུབ་སྟོན་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་།   ཆེས་གཟབ་ནན་གྱི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་ལག་བསྟར་བྱས་ཏེ་རྨོ་ཞིང་གི་གྲངས་ཀ་དང་སྤུས་ཚད།  སྐྱེ་ཁམས་བཅས་ཕྱོགས་གསུམ་གཞི་གཅིག་གི་སྲུང་སྐྱོབ་དང་དོ་དམ་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྨོ་ཞིང་གྲངས་ཀ་ཇེ་ཉུང་དུ་མི་འགྲོ་བ་དང་སྤུས་ཚད་མཐོར་འདེགས་ཡོང་བར་བྱས།

                                                                                                      ལྷ་མོ་ཚེ་རིང་གིས་བསྒྱུར །