གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་ཆེད། ད་ལོ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་རིག་གནས་སྤྱི་གླིང་དང་རྒྱལ་ཁབ་སྤྱི་གླིང་། གནས་སྐོར་རྨང་གཞི་སྒྲིག་ཆས་བཅས་གཙིགས་སུ་བཟུང་ནས། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་བརྩོན་ལེན་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་ལྕགས་རི་རིང་བོ་རྒྱལ་ཁབ་རིག་གནས་སྤྱི་གླིང་རྟ་ཐང་བར་མཚམས་ཀྱི་རིག་གནས་ཡུལ་སྐོར་མཉམ་བསྲེས་བར་ཁྱམས་དང་གསེར་དངུལ་ཐང་ལྗོངས་རྒྱུ་ཁུལ་གྱི་ཡུལ་སྐོར་རྨང་གཞི་སྒྲིག་ཆས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འགོ་ཁུངས་ར་བའི་ཁུལ་འབྲི་སྟོད་རྫོང་སྲུང་སྐྱོབ་དོ་དམ་སྒྲིག་ཆས་སོགས་ལས་གཞི་དགུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། རིག་གནས་ཡུལ་སྐོར་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་ཕན་ཚུན་སྐུལ་འདེད་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ཕུལ།
ལྕགས་རི་རིང་བོ་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ལ་དམིགས་ནས། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་གཅིག་བཀོད་སྒྲིག་བྱས་ཏེ། ཟི་ལིང་གྲོང་ཁྱེར་ལྕགས་རི་རིང་བོ་རིག་གནས་སྤྱི་གླིང་རྟ་ཐང་བར་མཚམས་ཀྱི་རིག་གནས་ཡུལ་སྐོར་མཉམ་བསྲེས་ཁྱམས་ལམ་དང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་ལྕགས་རི་རིང་བོ་རྒྱལ་ཁབ་རིག་གནས་སྤྱི་གླིང་རྟེན་མཛོད་གླིང་ལས་གཞི་འཛུགས་སྐྲུན་བྱས་པ་དང་། ལས་གཞི་འཛུགས་སྐྲུན་བྱས་པ་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ་དང་། རང་ཞིང་གི་རིག་གནས་ཀྱི་མཉེན་ཤུགས་མཐོར་འདེགས་གཏོང་བ། རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ལག་བསྟར་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོབ་དོ་དམ་སྒྲིག་ཆས་ལས་གཞི་དྲུག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་ལྟ་ཞིབ་ནུས་པར་ཤུགས་བསྣན་ལ། རྒྱལ་ཁབ་སྤྱི་གླིང་གི་གཅིག་གྱུར་དོ་དམ་དང་ཞབས་ཞུའི་ཆུ་ཚད་ཕན་ནུས་ཡོད་པའི་སྒོ་ནས་ཇེ་མཐོར་བཏང་། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་བྱེ་བ་བཞི་ལག་བསྟར་བྱས་ཏེ། གསེར་དངུལ་ཐང་ལྗོངས་རྒྱུ་ཁུལ་གྱི་ཡུལ་སྐོར་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། གཙོ་བོར་ཡུལ་སྐོར་བའི་ཞབས་ཞུ་དང་ཡུལ་སྐོར་འགྲིམ་འགྲུལ། རིག་སྟོབས་དོ་དམ་སོགས་འཛུགས་སྐྲུན་ནང་དོན་ལག་བསྟར་བྱས་ལ། ལྗོངས་རྒྱུ་ཁུལ་གྱི་ཆ་སྡེབས་སྒྲིག་ཆས་ལེགས་སྒྱུར་བྱས་ནས། ཡུལ་སྐོར་ཞབས་ཞུའི་ཕན་ནུས་མཐོར་འདེགས་བཏང་།
གོ་རིམ་རྗེས་མར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ལས་གཞིའི་མཉམ་ལས་རྐྱེན་སྲོལ་བྱེད་ཐབས་སུ་བརྩིས་ནས། འབྲེལ་ཡོད་སྡེ་ཁག་གིས་མཉམ་དུ་བྱ་བ་སྒྲུབ་པའི་གོ་རིམ་ཁྲོད་དང་བྱ་བའི་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། ལས་གཞིའི་བཀོད་གཏོང་དང་དྲ་ཐོག་ལྟ་ཞིབ། ཡུལ་དངོས་ལྟ་སྐུལ་དོ་དམ་སོགས་བྱ་བར་ཤུགས་སྣོན་པ། ལས་གཞི་མྱུར་དུ་འཛུགས་སྐྲུན་བྱེད་མགོ་རྩོམ་པར་སྐུལ་འདེད་བཏང་སྟེ། དུས་བཀག་ལྟར་འཛུགས་སྐྲུན་བྱས་ནས་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་པ་དང་། སྔ་མོ་ནས་དངུལ་གཏོང་ཕན་འབྲས་འདོན་སྤེལ་བྱས་ནས། རང་ཞིང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་སྒོས་མཐོར་འདེགས་གཏོང་བ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།