2023ལོའི་མཚོ་སྔོན་རོང་འབྲོག་ཁུལ་གྱི་དངུལ་རྩ་འགན་སྲུང་རྟོག་ཞིབ་བྱ་འགུལ་སྤེལ་འགོ་བརྩམས།
2023.07.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བདུན་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་ཁང་གིས་གཙོ་སྒྲུབ་བྱས་པ་དང་། ཞིན་ཧྭ་གསར་འགྱུར་ཁང་གསར་གཏོད་ཆ་འཕྲིན་ལྟེ་གནས་མཚོ་སྔོན་ལྟེ་གནས་ཀྱིས་འགན་ཁུར་ནས་བསྒྲུབས་པའི2023ལོའི་མཚོ་སྔོན་གྱི་རོང་འབྲོག་ཁུལ་གྱི་དངུལ་རྩ་འགན་སྲུང་རྟོག་ཞིབ་བྱ་འགུལ་ཟི་ལིང་ནས་སྤེལ་འགོ་བརྩམས། ཞིན་ཧྭ་གསར་འགྱུར་ཁང་དང་ཞིང་བའི་ཉིན་རེའི་ཚགས་པར་ཁང་། མི་དམངས་དྲ་བ་སོགས་གསར་འགྱུར་སྨྱན་བྱད་ཉེར་གཅིག་ནས་ཡོང་བའི་རྩོམ་སྒྲིག་པ་དང་གསར་འགོད་པ་ཐེངས་འདིའི་བྱ་འགུལ་ལ་ཞུགས།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ལས་ཡིད་རྟོན་ཁང་གིས་ཞིང་སྡེ་དངུལ་རྩའི་གཙོ་ཤུགས་ནུས་པ་དང་ས་གནས་དངུལ་རྩའི་ནུས་པ། ཀུན་ཕན་དངུལ་རྩའི་སྣེ་ཁྲིད་པ། གྲོང་གསེབ་དར་སྤེལ་གྱི་འགོ་ཁྲིད་པ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ལས་ཁུངས་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ཁྲོད་འདྲེས་པར་བྱས་པ་དང་། ཀུན་ཕན་དངུལ་རྩའི་བཟོ་སྐྲུན་པའི་རེ་འདུན་གྱིས་ཆུང་ཡང་བདེན་པ་དང་ཆུང་ཡང་ལེགས་པ། ཆུང་ཡང་མཛེས་པའི་འཕེལ་རྒྱས་ཀྱི་དམིགས་འབེན་ལ་སྣེ་ཁྲིད་བྱས་ལ། ཡིད་རྟོན་དང་ལྗང་མདོག། ཀུན་ཕན་གྱི་མ་ལག་ཆེན་པོ་གསུམ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས། གྲོང་གསེབ་དར་སྤེལ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་འགུལ་སྐྱོད་ཆེན་པོར་རྒྱབ་སྐྱོར་བྱེད་པའི་ཐད་ནས་རང་འགུལ་གྱིས་འབད་འཐབ་བྱས་ནས། སྤུས་ཚད་མཐོ་བའི་མཚོ་སྔོན་ཞིང་སྡེ་ཡིད་རྟོན་གྱི་རྒྱུགས་ལན་ཞིག་སྤྲད། མིག་སྔར། མ་ལག་ཡོངས་སུ་བསྡོམས་པས་ལས་གཉེར་ས་ཚིགས་སུམ་བརྒྱ་དང་རེ་གཅིག་ཡོད་པ་དང་། ཞིང་ཕན་དངུལ་རྩའི་ཞབས་ཞུ་ས་ཚིགས་སྟོང་གསུམ་དང་ང་དྲུག་ཡོད་ལ། རང་ཞིང་གི་ཞབས་ཞུའི་ས་ཚིགས་ཆེས་མང་བ་དང་ཁེབས་རྒྱ་ཆེས་ཆེ་བ། རོང་འབྲོག་མང་ཚོགས་དང་ཆེས་ཐག་ཉེ་བའི་ས་གནས་རང་བཞིན་གྱི་དངུལ་རྩའི་ལས་ཁུངས་ཡིན།

ཐེངས་འདིའི་བྱ་འགུལ་གྱིས་དུས་ཡུན་ཉིན་བདུན་རིང་གི་རྟོག་ཞིབ་ཁྲོད། བཅར་འདྲི་ཚོགས་པ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་ས་ཆའི་ཞིང་སྡེ་ཚོང་ལས་དངུལ་ཁང་དུ་སོང་ནས། ཀུན་ཕུན་དངུལ་རྩ་དང་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པ། ཡིད་རྟོན་མ་ལག་འཛུགས་སྐྲུན་སོགས་ནང་དོན་ཐད་ནས་རྟོག་ཞིབ་དང་དྲིལ་སྒྲོག་བྱེད་ཀྱིན་ཡིན་པ་དང་། མཚོ་སྔོན་ཞིང་སྡེ་ཡིད་རྟོན་དངུལ་ཁང་གིས་ཞིང་བར་རོགས་སྐྱོར་དང་ཁེ་ལས་ཕྲན་ཆུང་རོགས་སྐྱོར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ཐད་ནས་བཞག་པའི་བྱས་རྗེས་དང་བླངས་པའི་གྲུབ་འབྲས་གསར་པ་མངོན་པར་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།