ལོ་སྟོད་ལ་ཞིང་ཆེན་ཡོངས་ཀྱིས་དམངས་སྲིད་ལས་དོན་གྱི་གྲོན་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་ལྔ་བྱེ་བ་གཅིག་ས་ཡ་དགུ་བཏང་ནས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས།
2023.07.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དུས་རབས་གསར་པ་དང་མཚོ་སྔོན་གསར་པ། སྐྱོད་ལམ་གསར་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་ཚད་མཐའ་བརྟན་སྲུང་དང་བརྟན་འཇགས་འགན་སྲུང་། འཕེལ་རྒྱས་ལ་སྐུལ་འདེད་བཏང་ལ། ལོ་སྟོད་དུ། བསྡོམས་པས་དམངས་སྲིད་ལས་དོན་གྱི་གྲོན་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་ལྔ་བྱེ་བ་གཅིག་ས་ཡ་དགུ་དང་། མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་བརྒྱད་བཏང་ནས། དམངས་ཚིས་ལས་གཞི་ང་བདུན་ལག་བསྟར་བྱས་པ་དང་། བྱ་བའི་སྣ་ཚོགས་ཐད་ནས་ཡར་ཐོན་གསར་པ་མངོན་འགྱུར་བྱས་ལ། དམངས་སྲིད་སྡེ་ཁག་གི་ཆབ་སྲིད་འགན་འཁྲི་དང་གཞི་རྩའི་འགན་འཁྲི། དམངས་གཅེས་འགན་འཁྲི་ལག་བསྟར་བྱས།

ཞིང་ཆེན་དམངས་སྲིད་ཐིན་གྱིས་དམངས་སྲིད་ཀྱི་ཆབ་སྲིད་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ལ། གྲོང་གསེབ་དར་སྤེལ་གྱི་ཕན་ཡོད་སྦྲེལ་མཐུད་ཁྲོད་གནས་པའི་གནད་དོན་དང་མང་ཚོགས་ཀྱི་རེ་བར་ཁ་གཏད་དེ། ཕྱོགས་བདུན་ཐད་ཀྱི་དག་ཐེར་བྱེད་ཐབས་ཉེར་བརྒྱད་དང་། གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པའི་ལས་འགན་གཙོ་བོ་བཅུ། དམངས་ཚིས་དོན་དངོས་ལས་གཞི་བཅུ་ཞིབ་འཇུག་བྱས་ནས་གཏན་ཁེལ་བྱས་པ་དང་། འགུལ་རྣམ་ལྟ་ཞིབ་དང་རོགས་སྐྱོར་མྱུར་སྐྱོབ་ལ་ཤུགས་བསྣན་ལ། དཀའ་ཁག་མང་ཚོགས་འབུམ་དྲུག་དང་ཁྲི་བཞི་སྟོང་བརྒྱད་ལ་མཐིལ་བཤེར་བྱས་པ་དང་། མ་མཐའི་འཚོ་བའི་འགན་སྲུང་ཁྲོད་ཚུད་མེད་པའི་མི་འབུམ་གཅིག་དང་ཁྲི་དགུ་ཉིས་བརྒྱ་ངེས་གཏན་བྱས། སྣ་མང་ཅན་དང་རིམ་པ་མང་བའི་རོགས་སྐྱོབ་ཞབས་ཞུའི་རྣམ་པ་གྲུབ་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་མི་འབུམ་གཉིས་དང་ཁྲི་བརྒྱད་སྟོང་གསུམ་དང་། ཞིང་ཆེན་ཧ་ཅང་དཀའ་ཁག་ཆེ་བའི་གཉོར་སྐྱོང་མི་སྣ་ཁྲི་གཅིག་དང་སྟོང་ལྔ་ཉིས་བརྒྱ། ལོ་ལོན་དང་ནར་མ་སོན་པའི་མི་དང་། ནད་ལྕི་མོ་བྱུང་བའི་མི་དང་དབང་བོ་སྐྱོན་ཅན་བཅས་མི་འབུམ་གཅིག་དང་ཁྲི་དགུ་སྟོང་བཞི་ཡི་གཞི་རྩའི་འཚོ་བར་འགན་སྲུང་བྱས་པར་མ་ཟད། ཞིང་སྡེའི་མི་ཁྲི་དྲུག་དང་སྟོང་དྲུག་ལྔ་བརྒྱར་གནས་སྐབས་ཀྱི་རོགས་སྐྱོབ་བྱས་ལ། བསྡོམས་པས་རིགས་མི་འདྲ་བའི་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་བྱེ་བ་གཉིས་ས་ཡ་དགུ་བྱིན་ནས། ཞིང་སྡེ་འབྲོག་ཁུལ་གྱི་མང་ཚོགས་འབུམ་གསུམ་དང་ཁྲི་དྲུག་སྟོང་བཞི་བདུན་བརྒྱར་ཕན་བཏགས་པ་དང་། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བ་བཀག་འགོག་བྱེད་པའི་ཚད་མཐའ་བརྟན་སྲུང་བྱས།

དམངས་སྲིད་ཀྱི་གཞི་རྩའི་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། སྤྱི་ཚོགས་རོགས་སྐྱོབ་ཐད་ནས་གོ་རིམ་ལྡན་པའི་ངང་གདངས་འདེགས་རིམ་སྤོར་བྱས་ལ། སྤྱི་ཚོགས་རོགས་སྐྱོབ་དོ་དམ་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་ནས། ཞིང་ཆེན་ཡོངས་ནས་ལག་ཁྱེར་ཁ་པར་གཅིག་གིས་མ་མཐའི་འཚོ་བའི་འགན་སྲུང་གི་འགྲོ་ལུགས་སྒྲུབ་ཐུབ་པ་དང་། དཀའ་ཁག་མང་ཚོགས་སྒོ་ཕྱི་རུ་འགྲོ་མི་དགོས་པ་མངོན་འགྱུར་བྱས། ལོ་སྟོད་ལ། བསྡོམས་པས་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་མི་འབུམ་གསུམ་དང་ཁྲི་ལྔ་སྟོང་གཉིས་ལྔ་བརྒྱར་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་དགུ་དང་ས་ཡ་གཅིག་བྱིན་པ་དང་། འཚོ་བར་ཧ་ཅང་དཀའ་ཁག་ཆེ་བའི་མི་ཁྲི་གཅིག་དང་སྟོང་བདུན་ལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་དགུ་བྱིན་ལ། གནས་སྐབས་སུ་དཀའ་ཁག་ལ་ཐུག་པའི་མང་ཚོགས་ཁྲི་བདུན་དང་སྟོང་གཉིས་བརྒྱད་བརྒྱ་ལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གསུམ་བྱིན་པ་དང་། བསྡོམས་པས་འཚོ་བར་དཀའ་ཁག་ཡོད་པའི་བྱིས་པ་སྟོང་བཞི་དང་བརྒྱད་བརྒྱ་དོན་བདུན་ལ་གཞི་རྩའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་དྲུག་ཁྲི་དགུ་བྱིན། ཁྲི་སྟོང་བརྒྱ་བཅུའི་རྒན་གསོ་དམངས་ཚིས་དོན་དངོས་བཟོ་སྐྲུན་ལག་བསྟར་བྱས་ནས། ལོ་ལོན་འབུམ་གཅིག་དང་ཁྲི་གཉིས་ལ་བཟའ་བཏུང་དང་ལུས་འཁྲུ། སྨན་བཅོས། ཕྱིར་བགྲོད། གཙང་སྦྲ་སོགས་ཀྱི་རོགས་སྐྱོར་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། ལོ་མཐོའི་ཁ་གསབ་དང་རྒན་གསོ་ཞབས་ཞུའི་ཁ་གསབ། ནུས་ཤོར་ལོ་ལོན་གྱི་ནད་གཡོག་ཁ་གསབ། ཕྱོགས་བསྡུས་ཁ་གསབ་སོགས་ལམ་ལུགས་དངོས་འབེབས་བྱས་ཏེ། ལོ་ལོན་འབུམ་གསུམ་དང་ཁྲི་ལྔ་ཙམ་ལ་ཕན་བཏགས་པ་དང་། སྡེ་བ་བརྒྱ་རུ་བཟའ་བཏུང་གཡོས་སྦྱོར་དང་ཉིན་དཀར་གྱི་བྱ་འགུལ་གྱི་བྱེད་ནུས་ལྡན་པའི་ཞིང་སྡེའི་རོགས་རེས་རྒན་གསོ་ས་ཚིགས་བཙུགས་པ་དང་། གཙོ་བོར་གཞིས་ཁུལ་རྒན་གསོ་ཞབས་ཞུའི་ས་ཚིགས་ལྔ་བཅུ་འཛུགས་སྐྲུན་བྱས་ནས། རིགས་སོ་སོའི་ལོ་ལོན་གྱི་རྒན་གསོ་ཞབས་ཞུའི་དགོས་མཁོ་སྐོང་ཐབས་བྱས།

དམངས་སྲིད་ཀྱི་དམངས་གཅེས་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། གཙོ་བོར་ལོ་ལོན་ལ་གཟིགས་སྐྱོང་བྱེད་པ་དང་བྱིས་པའི་འཚར་ལོངས་ལ་སེམས་ཁུར་བྱེད་པ། གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པ། དཀའ་ཁག་མང་ཚོགས་ལ་རོགས་བྱས་ནས་གནད་དོན་དངོས་ཐག་གཅོད་པ་བཅས་ཕྱོགས་བཞི་ལ་དམིགས་ནས་དོན་དངོས་དང་དོན་བཟང་བསྒྲུབས་པ་དང་། དེའི་ཁྲོད། ཡུལ་གཞན་གནས་སྤོར་ས་ཆ་ལྔ་ཡི་ལོ་ལོན་ལ་སེམས་ཁམས་བདེ་ཐང་དང་ནད་རིགས་སྔོན་འགོག་ཤེས་བྱ་ཁྱབ་གདལ། བདེ་ཐང་ལུས་དཔྱད་བྱེད་པ་བཅས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཀའ་ཁག་ལ་ཐུག་པའི་ལྷན་སྐྱེས་སྙིང་ནད་བྱུང་བའི་བྱིས་པར་རིན་མ་བླངས་པར་ཚགས་འདེམས་དཔྱད་འཇོག་དང་གཤེགས་བཅོས་སྨན་བཅོས་བྱས་ལ། མ་དངུལ་ས་ཡ་གཅིག་དང་འབུམ་གསུམ་གྲབས་གསོག་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་ལ་ཚགས་འདེམས་བྱས་པར་མ་ཟད་རིན་མེད་བདེ་ཐང་ཟུར་རོགས་ཡོ་བྱད་དང་སྨན་བཅོས་ཡོ་བྱད་སོགས་བྱིན།