མཚོ་སྔོན་མེ་གསོད་མེ་འགོག་མྱུར་སྐྱོབ་སྡེ་ཁག་གིས་སོལ་རླངས་མེ་གསོད་བདེ་འཇགས་ཆེད་དོན་ཞིབ་བཤེར་རྒྱུན་མཐུད་ངང་སྤེལ།
2023.07.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

དོན་རྐྱེན་ཐད་ཀྱི་བསླབ་བྱ་བསྡུ་ལེན་བྱེད་པ་དང་། སོལ་རླངས་ཀྱི་མེ་གསོད་བདེ་འཇགས་བཅོས་སྐྱོང་བཟང་བོར་སྒྲུབ་པ། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་སོལ་རླངས་བདེ་འཇགས་ཀྱི་ཉེན་ཁ་ཚོད་འགོག་ནན་མོ་བྱེད་པ། མེ་སྐྱོན་འགོག་སྡོམ་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཆེད། བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མེ་གསོད་མེ་འགོག་མྱུར་སྐྱོབ་སྡེ་ཁག་གིས་སོལ་རླངས་བདེ་འཇགས་ཆེད་དོན་ཞིབ་བཤེར་དང་དྲིལ་སྒྲོག་བྱ་འགུལ་རྒྱུན་མཐུད་ངང་སྤེལ་ནས། སྟོབས་ཤུགས་ཡོད་རྒུས་སོལ་རླངས་ཀྱི་མེ་འགོག་མེ་གསོད་ཐད་ཀྱི་བདེ་འཇགས་ཉེན་ཁ་མེད་པར་བྱས།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མེ་གསོད་མེ་འགོག་མྱུར་སྐྱོབ་སྡེ་ཁག་གིས་སྡོད་ཁང་འཛུགས་སྐྲུན་དང་ཚོང་དོན། ཚོང་རའི་ལྟ་སྐུལ་སོགས་སྡེ་ཁག་དང་འབྲེལ་མཐུད་བྱས་པ་དང་། མྱུར་དུ་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་བཙུགས་ནས། ཞིབ་བཤེར་དང་མཛུབ་སྟོན་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་དེ། བཟའ་བཏུང་རྩེད་འཇོ་དང་ཞིང་ཞོར་ཐོན་རྫས་ཚོང་ར། དགོང་མོའི་ཚོང་ར། ཡུལ་སྐོར་ལྗོངས་རྒྱུ་ཁུལ་དང་སོལ་རླངས་ཐོན་སྐྱེད་ཉར་གསོག་དང་བརྒྱུད་སྐྱེལ་ཚོང་གཉེར་སྡེ་ཁག་སོགས་གཙོ་གནད་ཡུལ་གནས་ལ་སོང་ནས། སྡེ་ཁག་དེ་དག་གི་མེ་འགོག་མེ་གསོད་བདེ་འཇགས་འགན་འཁྲི་མི་སྣས་རང་སྡེ་ཁག་གི་མེ་འགོག་མེ་གསོད་བདེ་འཇགས་བྱ་བ་སྤེལ་བའི་གནས་ཚུལ་ལ་བལྟས་པ་དང་། སྡེ་ཁག་གི་འགན་ཁུར་མི་སྣ་དང་ལས་རྐང་གཙོ་བོའི་མི་སྣས་མེ་འགོག་མེ་གསོད་བདེ་འཇགས་འགན་འཁྲི་ལག་བསྟར་བྱས་པ་དང་། ལས་བཟོ་བས་མེ་འགོག་མེ་གསོད་བདེ་འཇགས་ཤེས་བྱ་རྒྱུས་ལོན་བྱས་པའི་གནས་ཚུལ་གསལ་བོར་དྲིས་ལ། མེ་ཁུངས་དང་གློག་ཁུངས། མེ་འགོག་མེ་གསོད་སྒྲིག་ཆས། བདེ་འཇགས་ཁ་བཀྲམ། འབར་སླ་བའི་སྒྲིག་བཟོ་སོགས་ཕྱོགས་ནས་ཞིབ་བཤེར་ཞིབ་མོ་བྱས།

ཞིབ་བཤེར་བྱེད་སྐབས། མེ་འགོག་མེ་གསོད་ལྟ་སྐུལ་མི་སྣས་ཡུལ་དངོས་ནས་བདེ་འཇགས་ཞིབ་བཤེར་རེའུ་མིག་བསྐངས་པ་དང་། ཞིབ་བཤེར་བྱེད་ཞོར་དུ་མཛུབ་སྟོན་བྱས་ལ། ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་ལ་ཁ་གཏད་དེ། ཞིབ་བཤེར་མི་སྣས་ཁེ་ལས་དང་ཚོང་ཁང་གིས་མྱུར་དུ་དག་ཐེར་ལེགས་བཅོས་བྱེད་རྒྱུའི་བསམ་འཆར་བཏོན་ནས། ཁེ་ལས་ཀྱི་གཙོ་གཞིའི་འགན་འཁྲི་དང་ལས་ཞུགས་མི་སྣའི་བདེ་འཇགས་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་བཏང་།

རིན་ཆེན་མཚོས་བསྒྱུར།