མཚོ་སྔོན་ཚོང་གཏམ་གླེང་སྟེགས་བྱ་འགུལ་ལས་ཕྱོགས་མང་བོ་ནས་ལྷད་མེད་འཕེལ་རྒྱས་མངོན་པར་བྱེད་རྒྱུ་རེད།
2023.07.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

གསར་འགོད་པས་ཚེས་བཅུ་གསུམ་ཉིན་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྐབས་ཉེར་བཞི་པའི་ཀྲུང་གོའི་མཚོ་སྔོན་ལྷད་མེད་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་མོལ་གླེང་སྟེགས་བྱ་འགུལ་གྱིས་ཉུང་ཡང་ཉིང་བཅུད་འདུས་པ་དང་རིམ་པ་མཐོ་བ། ཆུ་ཚད་མཐོ་བའི་རེ་བ་གཞིར་བཟུང་སྟེ། ཕྱོགས་མང་བོ་ནས་ལྷད་མེད་འཕེལ་རྒྱས་ཀྱི་གནས་བབ་ཆེན་མོ་དང་གོ་སྐབས་མངོན་པར་བྱས་ནས། མཚོ་སྔོན་གྱིས་འཐུས་ཚང་ཡང་དག་གིས་འཕེལ་རྒྱས་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསྟུད་མར་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐོན་ལས་གནས་བཞིའི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ལྷད་མེད་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་བཏང་སྟེ། གླེང་སྟེགས་བྱ་འགུལ་གྱི་ཆེད་ལས་རང་བཞིན་དང་དངོས་ཕན་རང་བཞིན་མངོན་གསལ་གྱིས་མཐོར་འདེགས་བྱེད་རྒྱུ་ཟེར།

སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དེ་གཙོ་བོ་ཐོན་ལས་གནས་བཞིའི་འཛུགས་སྐྲུན་ལ་དམིགས་ཏེ། ཀྲེ་ཅང་གི་ཚོང་བ་དང་མཚོ་སྔོན་དུ་ཡོད་པའི་ཀྲེ་ཅང་གི་ཐོན་ལས་ཀྱི་རོགས་ལས་གླེང་སྟེགས་དང་། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་ལིའི་ཐོན་ལས་འཕེལ་རྒྱས་གླེང་སྟེགས། ཡིད་རྟོན་ནུས་སྩོལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས། མཚོ་སྔོན་གཞི་གྲངས་རོགས་སྐྱོར་དང་གཞི་གྲངས་ཆེན་མོའི་ཐོན་ལས་ལྷད་མེད་འཕེལ་རྒྱས་གླེང་སྟེགས། ཉི་འོད་ནུས་པའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་མཚོ་སྔོན་ཐོན་ལས་དངུལ་གཏོང་མཐོ་རིམ་གྲོས་ཚོགས། ཉིས་སྟོང་ཉེར་གསུམ་ལོའི་རྒྱུད་གཅིག་ལམ་གཅིག་དག་གཙང་ནུས་ཁུངས་ཀྱི་འཕེལ་རྒྱས་གླེང་སྟེགས་བཅས་གླེང་སྟེགས་བྱ་འགུལ་སྣ་བདུན་བཀོད་སྒྲིག་བྱས་ཡོད། ལས་རིགས་མང་བོའི་ཁྱབ་ཁོངས་ཀྱི་མིང་དུ་གྲགས་པའི་ཡོན་ཧྲི་དང་སྐད་གྲགས་ཅན་གྱི་ཁེ་ལས་པ་སོགས་འཁྲབ་བཤད་སྐུ་མགྲོན་དུ་གདན་འདྲེན་བྱས་ཏེ། མདུན་གྲལ་གྱི་གཞུང་ལུགས་དང་ལག་ལེན་འཚོལ་ཞིབ་ལས་འགྲེམ་སྟོན་ཚོགས་འདུའི་རིམ་པ་མཐོར་འདེགས་བྱེད་པ་དང་། རིག་ནུས་ཀྱི་གཞོགས་འདེགས་འདོན་སྤྲོད་བྱེད་པ། མཉམ་ལས་དང་བརྗེ་རེས་བྱེད་པའི་བསམ་ཕྱོགས་གསར་བ་འཚོལ་ཞིབ་དང་སྒོ་འབྱེད་མཉམ་འདྲེས་འཆར་འགོད་བྱེད་པའི་བྱེད་ཐབས་གསར་བ་འཚོལ་ཞིབ་བྱས་ཏེ། དཔལ་འབྱོར་གྲུབ་ཚུལ་གྱི་འཕར་ཚུལ་བསྒྱུར་བར་སྐུལ་འདེད་བཏང་སྟེ་མཚོ་སྔོན་ཞིང་ཆེན་གྱིས་ལྷད་མེད་འཕེལ་རྒྱས་ཀྱི་བྱེད་ཐབས་རིམ་པ་མཐོར་འདེགས་བྱེད་པར་ཁ་ཕྱོགས་གསལ་སྟོན་བྱེད་རྒྱུ་རེད།

དེ་ལས་གཞན་ད་རུང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་མཉམ་དུ་རྒྱལ་ཁབ་རྒྱུ་ནོར་དང་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། ཀྲུང་དབྱང་གི་ཁེ་ལས་ལྔ་བཅུ་ལྷག་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་གདན་ཞུ་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་གཞན་པའི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་དབྱང་དང་ས་གནས་བར་གྱི་ཐོན་ལས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད། འཇོན་མིའི་ལས་གཞིའི་ཚོང་གཏམ་གྲོས་ཚོགས་དང་ཚོང་འགུག་དངུལ་འདྲེན་མཚམས་སྦྱོར་ཚོགས་འདུ། མཉམ་ལས་ལས་གཞི་ཆེན་མོ་གཅིག་བསྡུས་སུ་འགོད་པ་སོགས་ཀྱི་བྱ་འགུལ་ལ་བརྟེན་ནས། མཚོ་སྔོན་གྱི་སྲིད་ཇུས་ཁྱད་སྟོབས་དང་ཐོན་ཁུངས་གྲབས་གསོག སྒོ་འབྱེད་རྣམ་པ། བཅོས་སྒྱུར་སྒུལ་ཤུགས་བཅོས་མངོན་པར་བྱས་ཏེ། སྔར་ལས་མང་བའི་མི་སྣ་དག་མཚོ་སྔོན་དུ་ཡོང་ནས་འཕེལ་རྒྱས་གོ་སྐབས་འདོན་སྤྲོད་བྱེད་པ་དང་། མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཁྲོད་ནས་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།