གུང་ཧོ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་རིགས་དར་སྤེལ་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་རོགས་ཤུགས་བཏོན།
2023.07.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། གུང་ཧོ་རྫོང་གིས་རང་འགུལ་གྱིས་ཐོན་ལས་གནས་བཞི་འཛུགས་སྐྲུན་དང་འདྲེས་པར་བྱེད་པ་དང་།  ཞིང་ཆེན་རིམ་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སའི་དཔེ་སྟོན་རྫོང་གཙོ་བོར་བསྐྲུན་པ་གོ་སྐབས་སུ་བྱས་ཏེ། ཐོན་ལས་བཀོད་པ་ལེགས་བསྒྱུར་དང་། ཚོང་རྟགས་འཛུགས་སྐྲུན་དང་སོན་འདེབས་གསོ་སྤེལ་ལ་ཤུགས་སྣོན་བྱེད་པ། ཚན་རྩལ་ནུས་ཤུགས་ཇེ་དྲག་ཏུ་བཏང་ནས། རྒྱུན་ཆད་མེད་པར་གུང་ཧོ་ཡི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་ཇེ་ལེགས་ཇེ་ཞིབ་དུ་བཏང་བ་དང་། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཐད་ནུས་པ་བླ་ལྷག་བཏོན།

གུང་ཧོ་རྫོང་གིས་ཞིང་ཕྱུགས་ཐོན་ལས་ཀྱི་བཀོད་པ་ལེགས་སྒྲིག་བྱས་ཏེ། ཞིང་ཕྱུགས་ལས་རིགས་ཀྱི་སོན་འདེབས་དང་གསོ་སྤེལ་ནུས་ཚད་ཆེ་རུ་བཏང་ནས། འབྲུ་སྣུམ་འདེབས་འཛུགས་དང་། ཕྱུགས་རིགས་གསོ་སྤེལ། འཁྱག་ཆུའི་ཉ་རིགས། སྐྱེ་ལྡན་འཕང་འབྲས། གཟན་རྩྭ་སོགས་མི་རིགས་ཀྱི་ཁྱད་ལྡན་ཐོན་ལས་གཙོ་བོ་ཁག་ཅིག་གྲུབ་པས། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འདོན་སྤྲོད་ནུས་པ་མཐོ་རུ་བཏང་། དུས་མཉམ་དུ། གུང་ཧོ་རྫོང་གིས་སོན་བཟང་གསོ་སྤེལ་དང་། སྤུས་ཚད་མཐོར་འདེགས། ཚོང་རྟགས་བསྐྲུན་པ་དང་ཚད་གཞི་ཅན་གྱི་ཐོན་སྐྱེད་གཙོར་བཟུང་སྟེ། ཁྱད་ལྡན་ཁྱབ་ཁོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་ཀྱིས་སྣེ་ཁྲིད་དེ། ས་ཁམས་མཚོན་རྟགས་ཀྱི་ཞིང་ཕྱུགས་ཐོན་རྫས་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས། མཚོ་སྔོན་ཚོང་རྟགས་ཚོང་རྫས་ཞིང་ཆེན་ཕྱི་རུ་འགྲེམ་པའི་སྟེགས་བུར་རྒྱབ་བསྟེན་ནས། མཛེས་པའི་མཚོ་སྔོན། ལྗང་མདོག་ཚོང་རྟགས་ཞེས་པའི་མཚམས་སྦྱོར་ཚོགས་འདུའི་བྱ་འགུལ་ནང་ཧུར་ཐག་སྒོས་ཞུགས་ཏེ། ཕུལ་བྱུང་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་ཐུབ་པར་ནུས་ཤུགས་གང་ཡོད་བཏོན་པ་མ་ཟད། གུང་ཧོ་རྫོང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་མིང་གྲགས་ཚད་དང་ཤུགས་རྐྱེན་ཇེ་ཟབ་ཏུ་བཏང་།

དེ་ལས་གཞན། གུང་ཧོ་རྫོང་གིས་ཚན་རྩལ་ནུས་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཞིང་ལས་ཚན་རིག་སློབ་གསོ་དང་ཐོན་སྐྱེད་སློབ་སྦྱོང་ཞིབ་འཇུག་ཟུང་སྦྲེལ་བྱེད་པར་སྐུལ་འདེད་བཏང་ནས། ནོར་གནག་དང་། བོད་ལུག་ལ་གློག་རྡུལ་རྣ་རྟགས་བཏགས་ན་ཐོན་སྐྱེལ་ས་ཁོངས་རྗེས་འདེད་ཐུབ་པའི་སྟེགས་བུ་བསྐྲུན་པ་དང་། ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ཁག་ཐེག་བྱས།

                                                                                                      རིག་འཛིན་སྒྲོལ་མས་བསྒྱུར།