མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས།
2023.07.18 ཁུངས། ཀློག་གྲངས། 96


ཟླ7པའི་ཚེས18ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས་ཤིང་།  ཞིན་ཧྭ་གསར་འགྱུར་ཁང་དང་མི་དམངས་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཞིང་ཆེན་ཕྱི་ནང་གི་སྨྱན་བྱད་ལས་ཁུངས་སུམ་ཅུ་ལྷག་གི་གསར་འགོད་པ་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུར་ཞུགས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུར་མདོ་འཛིན་བྱས་ཤིང་། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70 ལོན་པར་རྟེན་འབྲེལ་ཞུ་བའི་དགའ་སྟོན་མཛད་སྒོའི་གྲ་སྒྲིག་གི་གནས་ཚུལ་གསལ་བཤད་བྱས་པར་མ་ཟད།  ཡུལ་དངོས་སུ་གསར་འགོད་པའི་དྲི་བར་ལན་བཏབ།



མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་འདས་པའི་ལོ་ངོ་70ལྷག་གི་རིང་དང་།  ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཁོར་ཡུག་སྲུང་སྐྱོབ་དང་།   ཕྱོགས་བསྡུས་སྟོབས་ཤུགས།   ཐོན་ལས་དར་རྒྱས། མི་རིགས་མཐུན་སྒྲིལ།  དམངས་འཚོ་ལེགས་བསྒྱུར།  རྨང་གཞིའི་སྒྲིག་བཀོད།  སྤྱི་ཚོགས་ཁོར་ཡུག རིག་གནས་དང་ལུས་རྩལ་ལས་དོན་བཅས་ཕྱོགས་གང་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་ཅིང་། ད་ལོའི་སྤྱི་ཟླ8པའི་ཚེས3ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་དགའ་སྟོན་མཛད་སྒོ་ནུབ་མཚོ་གྲོང་བརྡལ་དུ་སྤེལ་རྒྱུ་རེད།



དགའ་སྟོན་མཛད་སྒོའི་སྐབས་སུ་གྲུབ་འབྲས་འགྲེམ་སྟོན་དང་། ཉོ་འཚོང་ཚོང་འགུགས། རིག་རྩལ་བྱ་འགུལ། རིག་གནས་དཔར་སྐྲུན་བཅས་རིགས་ཆེན་པོ5ཡི་ཁྱབ་ཁོངས་ནས་བྱེ་བྲག་གི་བྱ་འགུལ16སྤེལ་རྒྱུ་ཡིན་ཞིང་།  ད་ལྟ་གྲ་སྒྲིག་གི་བྱ་བ་ཚགས་སུ་ཆུད་ཡོད་པ་རེད།

གསར་འགོད་པ། ལྕགས་ཐར་ཚེ་རིང་། ཐུབ་བསྟན་རྡོ་རྗེ།