རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་འཚོགས་ནས། ཞིང་ལས་དང་གྲོང་གསེབ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱིས་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ཟེར།
མིག་སྔར་རང་རྒྱལ་གྱི་དབྱར་འབྲུར་ལོ་ལེགས་ཆེན་པོ་བྱུང་ནས་ཐོན་འབབ་ཀྱིས་ལོ་རྒྱུས་ཀྱི་མཐོ་གནས་གཉིས་པ་བསྐྲུན་ཡོད། སྔ་སྨིན་འབྲས་ཀྱི་ཐོན་འབབ་བཅུ་ཆའི་བདུན་ལས་བརྒལ་བས། ཐོན་འབབ་འཕར་སྣོན་གྱི་རྣམ་པ་བཟང་བོ་མངོན་ཡོད། སྟོན་འབྲུ་འདེབས་ཁྱོན་བརྟན་པོའི་ངང་འཕར་བ་དང་འབྲུ་རིགས་སྨིན་པའི་རྣམ་པ་དེ་ལོ་སྔོན་མ་དང་གཅིག་འདྲ་རེད།
ལོ་སྟོད་དུ་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར་ཁྲི་གཅིག་དང་ལྔ་བརྒྱ་ང་གཅིག་ལ་སླེབས་ཡོད་པ་དང་། དོན་དངོས་ཀྱི་སྟེང་ནས་བཤད་ན་བརྒྱ་ཆའི་བདུན་དང་གྲངས་ཆུང་གཉིས་འཕར་ཡོད་ལ། གྲང་འབོར་དེ་ནི་གྲོང་བརྡལ་གྱི་གྲོང་མི་ལས་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔ་ཡིས་མཐོ།
བན་དེ་སྐྱབས་ཀྱིས་བསྒྱུར།