ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། སྐབས་ཉེར་བཞི་བའི་ཀྲུང་གོའི་མཚོ་སྔོན་ལྷད་མེད་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་ཀྱི་མཚོ་ནུབ་ཁུལ་གྱི་ཚོང་འགུག་དངུལ་འདྲེན་ལས་གཞིའི་ཆིངས་ཡིག་ཆེད་བཀོད་མཛད་སྒོ་ཟི་ལིང་ནས་སྤེལ། བསྡོམས་པས་ལས་གཞིའི་རྣམ་གྲངས་ང་གསུམ་བཀོད་པ་དང་། དེའི་ནང་སྒྲོམ་གཞིའི་གྲོས་མཐུན་ལྔ་ཡོད་ལ། ཆིངས་ཡིག་བཀོད་པའི་མ་དངུལ་འབོར་གྲངས་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་གཅིག་དུང་ཕྱུར་དགུ་བྱེ་བ་དྲུག་ལ་བསླེབས་ཡོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཧྥུན་ཁྲོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་ཆིངས་ཡིག་འགོད་པའི་མཛད་སྒོར་ཞུགས།
ཐེངས་འདིར་སྒོར་ཐེར་འབུམ་གཅིག་ཡན་གྱི་ལས་གཞིའི་རྣམ་གྲངས་བསྡོམས་པས་བཅུ་གཉིས་ཡོད་པ་དང་། ཆིངས་ཡིག་བཀོད་པའི་སྤྱིའི་འབོར་གྲངས་ཀྱི་བརྒྱ་ཆའི་དོན་དགུ་དང་གྲངས་ཆུང་བཞིར་བསླེབས་ཡོད། ཆིངས་ཡིག་བཀོད་པའི་ལས་གཞིའི་ནང་དོན་དེ་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། སྒྲིག་ཆས་བཟོ་སྐྲུན། དག་གཙང་ནུས་ཁུངས། ཚོང་དོན་ཉོ་ཚོང་རིག་གནས་ཡུལ་སྐོར། ཁྱད་ལྡན་སྐྱེ་དངོས། གྲངས་ལྡན་དཔལ་འབྱོར་སོགས་ཁྱབ་ཁོངས་མང་བོར་འབྲེལ་ཡོད་ལ། ལས་གཞི་དེར་སྤྱི་ཕྱོགས་ནས་དངུལ་གཏོང་གཞི་རྒྱ་ཆེ་བ་དང་། ཚན་རྩལ་འདུས་ཚད་མཐོ་བ། ཐོན་ལས་གྲུབ་ཚུལ་ལེགས་བསྒྱུར། སྐུལ་ཁྲིད་ནུས་པ་དྲག་པ་བཅས་ཀྱི་ཁྱད་ཆོས་ལྡན།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོན་ལས་གནས་བཞིའི་འཛུགས་སྐྲུན་དེ་ཁ་ཕྱོགས་གཙོ་བོར་བཟུང་ཞིང་། ཚོང་འགུག་དངུལ་འདྲེན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཟོ་སྐྲུན་གཙོ་གནད་དུ་བྱས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་ལོ་དང་དངུལ་གཏོང་ལས་གཞིའི་མཁྲེགས་གཏོར་ལོ། ཐོན་ལས་མུ་འབྲེལ་ལུགས་ཀྱི་སྐུལ་འདེད་ལོ། ཚོང་འགུག་དངུལ་འདྲེན་གྱི་ཕན་ནས་མཐོར་འདེགས་སོགས་འགུལ་སྐྱོད་རབ་དང་རིམ་པ་གཏིང་ཟབ་ཏུ་ལག་བསྟར་བྱས་ཤིང་། ཁུལ་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་བསམ་པ་དང་འཕེལ་རྒྱས་དམ་འཛིན། འཕེལ་རྒྱས་སྐུལ་འདེད་བཅས་ཀྱི་སྣང་ཚུལ་བཟང་བོ་ཆགས་ཡོད། ལས་གཞིའི་ཆིངས་ཡིག་བདེ་བླག་ངང་བཀོད་པ་ལས་སྔར་ལས་ལྷག་པའི་སྒོ་ནས་མཚོ་ནུབ་ཁུལ་གྱི་ཐོན་ལས་མུ་རྒྱུན་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་བོངས་ཚད་ཇེ་ཆེར་གཏོང་བ། ཐོན་ལས་རྣམ་པ་ཕུན་ཚོགས་སུ་གཏོང་བ། ཐོན་ལས་རིམ་པ་མཐོར་འདེགས་བྱས་ཏེ། མཚོ་ནུབ་ཀྱིས་ནུས་ལྡན་དངུལ་གཏོང་རྒྱ་བསྐྱེད་པ་དང་། ཐོན་ལས་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ། དཔལ་འབྱོར་འཕར་སྣོན་གཏན་འཇགས་ཡོང་བ་དང་། མཚོ་ནུབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱེད་ཐུབ།
བསོད་ནམས་ཚེ་རིང་གིས་བསྒྱུར།