རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་ནས་བསྡུས།
2023.07.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0



ཟླ་བདུན་པའི་ཚེས་ཉེར་བཞིའི་ཉིན།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས། རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲུའུ་ཀྲན་མེན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་གཙོ་བཀྲ་ཤིས་ཚེ་རིང་གཉིས་ཀྱིས“ནམ་ཡང་ཏང་གི་རྗེས་སུ་འབྲངས། དུས་རབས་གསར་བར་འབད་པས་བསྐྱོད། འཚོ་བ་གསར་བ་གསར་སྐྲུན་བྱེད་”ཅེས་པ་བརྗོད་དོན་གཙོ་བོ་ཡིན་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། རྨ་ལྷོ་ཁུལ་གྱི་ལོ་ངོ་མདུན་ཅུའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ལོ་ངོ་བདུན་ཅུ་ལོན་པའི་རྟེན་འབྲེལ་བྱ་འགུལ་གྱི་འབྲེལ་ཡོད་ནང་དོན་རེ་རེ་བཞིན་འཚམས་སྦྱོར་བྱས། ཀྲུའུ་ཀྲན་མེན་གྱིས་མཚམས་སྦྱོར་བྱས་དོན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་བདུན་ཅུའི་རིང་ལ་ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་འོད་འོག་ཏུ། སྐབས་རིམ་བྱུང་གི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མཐུན་སྒྲིལ་སྣེ་ཁྲིད་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་གཅེས་སེམས་འབད་འཐབ་བཅས་ལ་བརྟེན་ནས་སྔ་ན་མེད་པའི་མཆོངས་བརྒལ་རང་བཞིན་གྱི་ངོ་མཚར་ལོ་རྒྱུས་བསྐྲུན་ཡོད།

གཅིག་ནས་སྐྱེ་ཁམས་ཀྱི་རྣམ་པ་སྔར་ལས་མངོན་གསལ་དུ་གྱུར་ཡོད། དེ་རིང་གི་རྨ་ལྷོ་ལ་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་མངོན་ཡོད། གཉིས་ནས་རིག་གནས་ཡུལ་སྐོར་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ལྡན་དུ་གྱུར་ཡོད། དེ་རིང་གི་རྨ་ལྷོ་ནི་མཚོ་སྔོན་ཞིང་ཆེན་གྱི་འཛམ་གླིང་རིམ་པ་དང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་ལས་གཞི་ཆེས་གཅིག་འདུས་ཡིན་པའི་ས་ཁུལ་དང་ནུབ་བྱང་ཞིང་ལྗོངས་ལྔའི་བཟོ་རྩལ་མཛེས་རྩལ་མཁས་པ་དང་རྒྱུན་འཛིན་པ་ཆེས་གཅིག་འདུས་ཡིན་པའི་ས་ཁུལ་དུ་གྱུར་ཡོད། གསུམ་ནས་སླད་མེད་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ལྡན། དེ་རིང་གི་རྨ་ལྷོ་ནི་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཕྱུགས་ལས་དཔེ་སྟོན་རྟེན་གཞི་དང་རྒྱལ་ཁབ་རིམ་པའི་སྐྱེ་ལྡན་ཟས་རིགས་ཐོན་སྐྱེད་རྟེན་གཞི། མཚོ་སྔོན་ཞིང་ཆེན་གྱི་སླད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སའི་སྔོན་སྐྱོད་དཔེ་སྟོན་ཁུལ་བཅས་སུ་གྱུར་ཡོད། བཞི་ནས་མི་དམངས་ཀྱི་འཚོ་བར་རྒྱུན་ཆད་མེད་པར་ལེགས་བཅོས་ཐོབ་ཡོད། དེ་རིང་གི་རྨ་ལྷོ་ནི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཕུན་ཚོགས་བདེ་སྐྱིད་ལྡན་པ་དང་བདེ་སྐྱིད་ཀྱི་ཚོར་སྣང་ཆེས་མཐོ་བའི་ཚད་དུ་སླེབས་ཡོད་པས། ཐུན་མོང་ཕྱུག་འགྱུར་གྱི་དམིགས་འབེན་ཕྱོགས་སུ་གོམ་པ་ཆེན་པོས་མདུན་བསྐྱོད་བྱེད་པར་ཡིད་ཆེས་ཀྱིས་ཁེངས་ཡོད། ལྔ་ནས་མི་རིགས་མཐུན་སྒྲིལ་སྲ་བརྟན་འཕེལ་རྒྱས་སུ་སོང་ཡོད། དེ་རིང་གི་རྨ་ལྷོ་ནི་མི་རིགས་འཆམ་མཐུན་དང་ཆོས་ལུགས་འཆམ་མཐུན།སྤྱི་ཚོགས་ཞི་མཐུན།མི་སེམས་གཅིག་སྒྲིལ་བཅས་བྱུང་ནས་རིགས་སོ་སོའི་མང་ཚོགས་རྣམས་སེམས་དང་སེམས་པ་སྦྲེལ་ནས་གུང་ཁྲན་ཏང་ལ་དྲིན་གཟོ་དང་སྤྱི་ཁྱབ་ཧྲུའུ་ཅིར་གུས་བཀུར་ཞུ་བཞིན་ཡོད། དྲུག་ནས་ཏང་གི་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད། ཏང་གི་དར་ཆ་མཐོ་སྒང་གི་ས་གཞིར་ལྷབ་ལྷུབ་ཏུ་གཡོ་བ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བྱ་སྤྱོད་སྔར་ལས་རང་རྟོགས་ཡིན་པར་མ་ཟད། “གཏན་འཁེལ་གཉིས”དང་“སྲུང་སྐྱོང་གཉིས”སྲུང་སྐྱོབ་བྱ་རྒྱུ་དེ་རྨ་ལྷོ་ཁུལ་གྱི་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་དུ་གྱུར་ཡོད།

བཀྲ་ཤིས་ཚེ་རིང་གིས་མཚམས་སྦྱོར་བྱས་དོན། རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ་དོན་ནི་ཏང་གི་མི་རིགས་སྲིད་ཇུས་ཀྱི་རྨ་ལྷོའི་རླབས་ཆེན་ལག་ལེན་གྱི་གྲུབ་འབྲས་དང་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོ་ཡོངས་སུ་མངོན་མཚོན་བྱེད་རྒྱུ་དེ་ཡིན་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཐད་ཀར་གྱི་མཚོན་ཚུལ་ཞིག་དང་། ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་དང་གཟབ་རྒྱས་ཆེ་བའི་ལས་དོན་ཅིག་རེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱ་འགུལ་ནི་རྨ་ལྷོ་དྲིལ་སྒྲོག་དང་། རྨ་ལྷོ་འགྲེམ་སྟོན། རྨ་ལྷོ་མཚམས་སྦྱོར། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དགྱེས་སྟོན་ཞིག་ཡིན་པས་དེ་ལ་དོན་སྙིང་གལ་ཆེན་ལྡན། མིག་སྔར་སྔ་རྗེས་སུ་གཅན་ཚ་རྫོང་གི“གཡང་མདའ”རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུའི་འགྲན་སྡུར་དང་མདའ་སྟོན་རིག་གནས་སོགས་བྱ་འགུལ་སྐོར་ཞིག་སྤེལ་ཟིན་ལ། “གཞི་ཁྱོན་ཆེས་ཆེ་བའི་ཨ་མདོའི་རྩེད་རིགས་འཁྲབ་སྟོན”དང“གཞི་ཁྱོན་ཆེས་ཆེ་བའི་མདའ་སྟོན” “གཞི་ཁྱོན་ཆེས་ཆེ་བའི་ལྷ་རྩེད” “ཆེས་ཆེ་བའི་སྤྱན་རས་གཟིགས་ཀྱི་འཇིམ་སྐུ” “གཞི་ཁྱོན་ཆེས་ཆེ་བའི་ཆང་བ་ལིའི་འདེབས་འཛུགས་རྟེན་གཞི”སོགས་འཛམ་གླིང་ཟིན་ཐོ་ལྔ་བསྐྲུན་ཟིན་པ་དང་། རྩེ་ཁོག་རྫོང་གི་རྩྭ་ཐང་དགྱེས་འཛོམས་ཆེན་མོ་དང་ཧི་ནན་རྫོང་གི་ནཱ་ཏམ་དུས་ཆེན་སོགས་ཕུན་སུམ་ཚོགས་པའི་མང་ཚོགས་རང་བཞིན་གྱི་རིག་གནས་དང་ལུས་རྩལ་བྱ་འགུལ་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཡོད།

མིག་སྔར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རྟེན་འབྲེལ་བྱ་འགུལ་གྱི་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་པ་དང་། རྟེན་འབྲེལ་བྱ་འགུལ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བདུན་པའི་ཚེས་ཉེར་དགུའི་ཉིན་ནས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བར་རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་ནས་སྤེལ་རྒྱུ་རེད།  རྟེན་འབྲེལ་ཚོགས་ཆེན་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་ཐུན་རིན་གྲོང་ཁྱེར་ལུས་རྩལ་ར་བ་ནས་འཚོགས་རྒྱུ་རེད། 

འོད་ཟེར་ཚགས་པར་གྱི་གསར་འགོད་པས་དྲི་བ་འདོན་བཞིན་པ།

ནུབ་མཚོ་ཚགས་པར་གྱི་གསར་འགོད་པས་དྲི་བ་འདོན་བཞིན་པ།

ཐེངས་འདིའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ད་རུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ། ཁུལ་ཞིང་ཕྱུགས་ཅུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་མི་རིགས་མཐུན་སྒྲིལ་ཐད་ནས་ལག་ལེན་དང་ཉམས་མྱོང་གཙོ་བོ་གང་དག་ཡོད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཐོ་ས་བསྐྲུན་པའི་ཕྱོགས་ནས་བྱེད་ཐབས་དང་གྲུབ་འབྲས་གང་དག་བླངས་ཡོད་པ། སླད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཚད་ལྡན་ཅན་གཏོང་བའི་ཕྱོགས་ནས་བྱ་བ་གང་དག་སྒྲུབ་པ་དང་གྲུབ་འབྲས་གང་དག་བླངས་པ་སོགས་ཕྱོགས་དྲུག་ནས་རེ་རེ་བཞིན་གསར་འགོད་པའི་དྲི་བར་ལན་བཏབས།  

                                                                                       གསར་འགོད་པ། དཔའ་བརྟན་རྒྱལ།