སྐབས་ཉེར་བཞི་བའི་ཀྲུང་གོའི་མཚོ་སྔོན་ལྷད་མེད་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་ཀྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཚོང་འགུག་དངུལ་འདྲེན་གྱི་ལས་གཞིའི་མཉམ་ལས་གྲོས་མཐུན་འགོད་པའི་མཛད་སྒོ་ཚེས་ཉེར་བཞི་ཉིན་ཟི་ལིང་ནས་སྤེལ་བ་དང་། བསྡོམས་པས་ལས་གཞི་ཉེར་གཉིས་བཀོད་ཡོད་ལ། མ་དངུལ་འབོར་གྲངས་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་གཅིག་ས་ཡ་དྲུག་ལ་བསླེབས་ཡོད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་མཛད་སྒོར་ཞུགས།
ཐེངས་འདིའི་གྲོས་མཐུན་འགོད་པའི་ལས་གཞིའི་རྣམ་གྲངས་ཉེར་གཉིས་ནང་། སྒོར་དུང་ཕྱུར་གཅིག་ཡན་གྱི་རྣམས་གྲངས་དགུ་འདུས་པ་དང་། སྤྱིའི་མ་དངུལ་འབོར་གྲངས་ཀྱིས་བརྒྱ་ཆའི་གྱ་གཉིས་དང་གྲངས་ཆུང་གསུམ་དྲུག་ཟིན་ཡོད། དག་གཙང་ནུས་ཁུངས་དང་མཐོ་སྒང་གི་སྐྱེ་ཁམས་ཞིང་ཕྱུགས་ལས། ཁྱད་ལྡན་རིག་གནས་ཡུལ་སྐོར། གཞི་གྲངས་ཆེན་མོའི་ཐོན་ལས་སོགས་གཙོ་བྱས་པའི་ཐོན་ལས་རྣམ་གྲངས་གཙོ་བོ་བཅུ་གཉིས་ཡོད་ལ། མ་དངུལ་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བྱེ་བ་བཞི་ས་ཡ་གཉིས་ལ་བསླེབས་ཡོད་པ་དང་། སྤྱིའི་འབོར་གྲངས་ཀྱི་བརྒྱ་ཆའི་དོན་བཞི་དང་གྲངས་ཆུང་གཅིག་ཟིན་ཡོད། ལས་གཞིའི་རྣམ་གྲངས་དེ་དག་བཀོད་པ་ལས་མཚོ་བྱང་ཁུལ་གྱིས་གཉིས་བཞི་གསུམ་གྱི་འཕེལ་རྒྱས་བཀོད་སྒྲིག་མྱུར་དུ་འཛུགས་པ་དང་ཐོན་ལས་གྲུབ་ཚུལ་ཅན་གྱི་རིམ་འཕར་ལ་སྐུལ་འདེད་གཏོང་བ། དེང་རབས་ལྷད་མེད་ཐོན་ལས་མ་ལག་འཛུགས་པ་བཅས་ཀྱི་ཐད་སྟོབས་དང་ལྡན་པའི་གཞོགས་འདེགས་དང་གསོན་ཤུགས་གསར་བ་ཁ་སྣོན་བྱེད་ཐུབ།
བསོད་ནམས་ཚེ་རིང་གིས་བསྒྱུར།