མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་གསར་སྤེལ་ཆེན་མོའི2023ལོའི་གཙོ་གནད་བྱ་བ་དཔར་ནས་བཀྲམ།
2023.08.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

གསར་འགོད་པས་ཉེ་སྔོན་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཟབ་མོ་གཏོང་ཆེད། ཉེ་ལམ། ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་གསར་སྤེལ་ཆེན་མོའི2023ལོའི་གཙོ་གནད་བྱ་བ་དཔར་ནས་བཀྲམ།

གཙོ་གནད་བྱ་བ་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གཉིས་ལ་མཚོ་སྔོན་དུ་རྟོག་ཞིབ་མཛད་པ་དང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུངས་བཤད་དགོངས་དོན་གལ་ཆེན་དང་། མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་དགོངས་དོན་གཙོར་བཟུང་སྟེ།  ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་འཆར་ལག་བསྟར་དངོས་འབེབས་བྱེད་པ་དང་ཟུང་སྦྲེལ་བྱས་ལ། སྲུང་སྐྱོབ་ཆེན་མོ་དང་སྒོ་འབྱེད་ཆེན་མོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་དམིགས་སུ་བཟུང་སྟེ། རང་ཞིང་གི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལས་འགན་གཙོ་བོར་ཞིབ་འཇུག་བྱས་ཏེ་གཏན་འབེབས་བྱས་ཡོད་ལ།  དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོར་བཟོ་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཁུལ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྨང་གཞིའི་སྒྲིག་ཆས་ཀྱི་འགན་སྲུང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། དམངས་ཚིས་བདེ་སྐྱིད་མུ་མཐུད་འཕེལ་བར་བྱེད་པ་སོགས་ཕྱོགས་དྲུག་ལ་དམིགས་ནས། ལས་འགན་གལ་ཆེན་ཉེར་བཞི་བཀོད་སྒྲིག་བྱས་ཏེ། རང་ཞིང་གི2023ལོའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་བྱ་བ་དོན་འཁྱོལ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།

གོ་རིམ་རྗེས་མར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ས་གནས་སོ་སོ་དང་སྡེ་ཁག་སོ་སོར་གཅིག་གྱུར་མཐུན་སྦྱོར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་སོ་སོར་དམ་པོར་དམིགས་ཏེ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་། སྡེ་ཁག་མཉམ་འབྲེལ་ཤུགས་དྲག་ཏུ་གཏོང་བ། རྟོག་ཞིབ་ཞིབ་བཤེར་ཇེ་དྲག་ཏུ་གཏོང་བ། དྲིལ་སྒྲོག་སྣེ་ཁྲིད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། བྱེད་ཐབས་གཙོ་བོ་ཁག་དངོས་འབེབས་ཡོང་བར་ཁག་ཐེག་བྱེད་པ་མ་ཟད།  དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་བྱ་བར་གྲུབ་འབྲས་གསར་བ་ལེན་པ་དང་། རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་གཏོང་རྒྱུ་རེད། 

                                                                            རིག་འཛིན་སྒྲོལ་མས་བསྒྱུར།