ཟླ་བརྒྱད་པའི་ཚེས་གསུམ་ཉིན་གྱི་སྔ་དྲོར། མཛེས་པའི་མཚོ་སྔོན། ཆུ་མགོའི་ཡུས་ཧྲུའུ། སྐྱེ་ཁམས་འབྲི་སྟོད་ཅེས་པའི་འབྲི་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མུ་འབྲེལ་བྱ་འགུལ་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་དུ་སྤེལ་བ་དང་། མི་ཁྲི་ལྷག་སྐྱ་ལོ་རྩྭ་ཐང་དུ་འཛོམས་ནས་བྱ་འགུལ་སྤེལ་མགོ་བརྩམས།
འབྲི་སྟོད་རྫོང་ནི་འབྲི་ཆུའི་མགོ་ཁུངས་ཡིན་ལ། འབྲི་ཆུའི་རྫོང་དང་པོ་ཞེས་པའི་མཚན་སྙན་ཐོབ་ཡོད་ལ། ཆ་སྙོམས་མཚོ་འཕགས་སྨི་བཞི་སྟོང་ལྔ་བརྒྱའི་ཡན་ལ་སླེབས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་ཁྲི་བརྒྱད་དང་དྲུག་བརྒྱ་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་གི་དམིགས་བསལ་ས་ཁུལ་ཞིག་ཀྱང་ཡིན་ལ། ཁུལ་ཁོངས་སུ་གངས་རི་དང་རྩྭ་ཐང་། གཙང་བོ་དང་མཚེའུ་སོགས་རང་བྱུང་ལྗོངས་ཁུལ་མང་པོ་ཡོད་པར་མ་ཟད། རི་སྐྱེས་སྐྱེ་དངོས་རིགས་དང་སྲོག་ཆགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས། ཐེངས་འདིའི་བྱ་འགུལ་དེ་འབྲི་སྟོད་རྫོང་བཙུགས་ནས་ལོ་ངོ་བདུན་ཅུའི་རིང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་དགའ་འོས་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱེད་པ་དང་། ས་གནས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་དྲིལ་སྒྲོག་གང་ལེགས་བྱེད་པ། འབྲི་ཆུའི་རྫོང་དང་པོའི་རིག་གནས་ནང་རྫོང་སྟུག་པོ་དང་ཁྱད་འཕགས་སྐྱེ་ཁམས་ཀྱི་མཛེས་ཉམས་མངོན་པར་བྱེད་ཆེད་སྤེལ་བ་རེད།
བྱ་འགུལ་གྱི་མགོ་རྩོམ་མཛད་སྒོའི་སྟེང་གླུ་གར་དང་ཤོམ་འགྲོ། ཡུལ་རྣམ་ཟློས་གར་སོགས་འཁྲབ་སྟོན་བྱས་ལ། རྟ་རྒྱུག་འགྲན་སྡུར་བྱས། ཁོར་སྲུང་དཔའ་བོ་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་མཛད་རྗེས་མཚོན་པའི་ཡུལ་རྣམ་ཟློས་གར་གྱིས་མི་རྣམས་ལ་དྲན་སྐུལ་བྱས་པ་དང་གུས་སེམས་བསྐྱེད། དེ་ལས་གཞན། ཀྲུང་གོ་ཁམས་པའི་ལ་གཞས་རིག་གནས་ཀྱི་ཕ་ས་ཞེས་པའི་སྒོ་བྱང་འབྱེད་པའི་མཛད་སྒོ་དང་། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁུལ་གྱི་ཁུལ་དང་རྫོང་རིམ་པའི་གེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞིའི་དཔང་རྟགས་སྟེར་བའི་མཛད་སྒོ་བསྡུས། རྒྱུས་ལོན་པ་ལྟར་ན། ཉིན་ལྔའི་རིང་གི་མུ་འབྲེལ་བྱ་འགུལ་ཁྲོད། སྒ་སྐྱ་ལོ་ཡིག་གཟུགས་དང་པར་རིས་འགྲེམ་སྟོན། རིགས་གཞུང་བགྲོ་གླེང་ཚོགས་འདུ། ཡུལ་ཚོ་དང་གྲོང་རྡལ་གྱི་ཆེན་དོན་འཁྲབ་སྟོན། གཟུགས་འདས་ཤུལ་བཞག་འགྲེམ་སྟོན་སོགས་ཀྱི་བྱ་འགུལ་ཡང་སྤེལ་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།