རང་ཞིང་དུ་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་ཞིག་གསར་དུ་བསྣན།
2023.08.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

མིག་སྔར། རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་།   མགོ་ལོག་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་སྟེ་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དུ་བདམས།

རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་ནི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་རྒྱུ་གཙོ་བོར་བྱས་ཏེ་ལོ་རྒྱུས་རིག་གནས་ཀྱི་རྫོང་མཐུག་པ་དང་གསོག་འཇོག་གནས་ཚུལ་བཟང་བར་མ་ཟད།   རིན་ཐང་ཆེན་པོ་ལྡན་པ་དང་ཁྱད་ཆོས་མངོན་གསལ་ལྡན་པའི་རིག་གནས་ལ་ཕྱོགས་བསྡུས་རང་བཞིན་གྱི་སྲུང་སྐྱོབ་བྱེད་པའི་ཆེད་དམིགས་ཁུལ་ཁོངས་ཡིན།  ཉེ་བའི་ལོ་འགའི་རིང་ལ།    རང་ཞིང་གིས་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དང་མགོ་ལོག་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་སོགས་རྒྱབ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་སྐོར་ཞིག་འཛུགས་སྐྲུན་བྱས་པ་དང་། ཧུའུ་ཀྲུའུ་ཧོར་རིགས་་རིག་གནས་དང་ཞོན་ཧྭ་ཟ་ལར་རིགས་ཀྱི་རིག་གནས་སོགས་ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་རྒྱུན་འཛིན་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ་ཁུལ་ཁོངས་རང་བཞིན་གྱི་ཕྱོགས་བསྡུས་སྲུང་སྐྱོབ་ལ་སྔར་ལས་ཕན་ནུས་ལྡན་པར་བྱས།

ལོ་མང་པོའི་རིང་གི་འཛུགས་སྐྲུན་བརྒྱུད་དེ་རིམ་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་སོ་སོས་སྐྱེ་ཁམས་ཐོན་ཁུངས་འབུར་དུ་ཐོན་པར་བྱས་པ་དང་ཁུལ་ཁོངས་ཁྱད་ཆོས་གཙོར་བཟུང་ལ།   རྒྱུན་འཛིན་རྒྱུ་ལམ་རྒྱ་བསྐྱེད་དེ་རིག་གནས་ཀྱི་མཚན་སྙན་བསྐྱེད།  ས་ཁུལ་སོ་སོས་སྲུང་སྐྱོབ་བྱེད་ཐབས་སྣ་མང་བརྒྱུད་དེ་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་བཏང་ནས་གཟུགས་འདས་ཤུལ་བཞག་རིག་གནས་སྐོར་ཞིག་ལ་སྐྱེ་སྟོབས་དང་གསོན་ཤུགས་ལྡན་པར་བྱས།

                                                                                                           ལྷ་མོ་ཚེ་རིང་གིས་བསྒྱུར།