མཚོ་སྔོན་ཞིང་ཆེན་འབྲི་ཆུའི་བཞུར་རྒྱུད་ཀྱི་ཉ་སྲིད་རོགས་འདེགས་སྐོར་ཞིབ་སྲུང་སྐྱོབ་དཔུང་སྡེ་དང་རུ་མི་ལ་ཞིང་ལས་ཞིང་སྡེ་པུའུ་ཡིས་གཟེངས་བསྟོད་གནང་།
2023.08.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་བདུན་པའི་ཚེས་སོ་གཅིག་ཉིན། ཞིང་ལས་ཞིང་སྡེ་པུའུ་ཡིས2022ལོའི་འབྲི་ཆུའི་བཞུར་རྒྱུད་ཀྱི་ཉ་སྲིད་རོགས་འདེགས་སྐོར་ཞིབ་སྲུང་སྐྱོང་དཔུང་སྡེ་དང་རུ་མི་ལ་གཟེངས་བསྟོད་བྱེད་པའི་བྱ་འགུལ་སྤེལ་བ་དང་། རང་ཞིང་གི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་འབྲི་ཆུ་དང་རྫ་ཆུའི་ཉ་འཛིན་བཀག་འགོག་རོགས་འདེགས་སྐོར་སྲུང་རུ་ཁག་ལ2022ལོའི་འབྲི་ཆུའི་བཞུར་རྒྱུད་ཀྱི་ཉ་སྲིད་རོགས་འདེགས་སྐོར་སྲུང་ཕུལ་བྱུང་དཔུང་སྡེའི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། བློ་བཟང་ཚེ་རིང་དང་རྡོ་དཀར་སྒྲོལ་མ། བསོད་ནམས་གཡང་མཚོ། སྟག་ཐར། བསོད་ནམས་ཕུན་ཚོགས་བཅས་ཉ་སྲུང་མི་སྣ་ལྔ་ལ2022ལོའི་འབྲི་ཆུའི་བཞུར་རྒྱུད་ཀྱི་ཉ་སྲིད་རོགས་འདེགས་སྐོར་སྲུང་ཕུལ་བྱུང་རུ་མིའི་མཚན་སྙན་ཐོབ།

བྱ་དགའ་ཐོབ་པའི་དཔུང་སྡེ་དེ2021ལོར་བཙུགས་པ་དང་། སྐོར་སྲུང་པ་རེ་དྲུག་ཡོད། རུ་ཁག་བཙུགས་པའི་ཚུན་དུ། བསྡོམས་པས་སྐོར་སྲུང་སྐོར་ཞིབ་ཐེངས་སྟོང་གཅིག་བརྒྱ་དང་སོ་ལྔ་ལྷག་བྱས་པ་དང་། སྲིད་ཇུས་དྲིལ་སྒྲོག་ཐེངས་སུམ་བརྒྱ་དང་རེ་གཉིས་བྱས་ལ། བཟོ་སྐྲུན་འཛུགས་སྐྲུན་ཕྱོགས་བར་གན་རྒྱ་བརྒྱ་དང་གོ་གཉིས་བཞག་པ་དང་། ས་སྤྱི་ལེ་ཁྲི་གཅིག་དང་སྟོང་བཞི་དྲུག་བརྒྱ་གྱ་བརྒྱད་ལྷག་ལ་སྐོར་ཞིབ་བྱས། ཆུ་རྐའི་གད་སྙིགས་ཏུན་སྟོང་གཉིས་དང་བཞི་བརྒྱ་སུམ་ཅུ་ལྷག་གཙང་དག་བྱས།

མིག་སྔར། རང་ཞིང་གིས་འབྲི་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་དོ་སྲུང་པ་སྟོང་གཅིག་དང་སུམ་བརྒྱ་བཅུ་ཡིས་གྲུབ་པའི་འབྲི་ཆུའི་ཉ་འཛིན་བཀག་འགོག་རོགས་འདེགས་སྐོར་སྲུང་དཔུང་སྡེ་བཙུགས་ཏེ། དྲ་མིག་ཅན་གྱི་དོ་དམ་རྣམ་པ་སྤྱད་དེ་ཉ་སྲིད་མི་སྣ་དང་མཉམ་དུ་ཉ་སྲིད་ཐད་ཀྱི་ཉིན་རྒྱུན་གྱི་སྐོར་ཞིབ་སྲུང་སྐྱོབ་སྤེལ་ནས། ཁྲིམས་འཛིན་ལྟ་སྐུལ་གྱི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་གནད་དོན་ཐག་བཅད་པ་དང་། ཉ་འཛིན་བཀག་འགོག་བཀའ་རྒྱ་ནན་མོ་དོན་འཁྱོལ་བྱེད་པར་ཁག་ཐེག་བྱེད་བཞིན་ཡོད།

རིན་ཆེན་མཚོས་བསྒྱུར།